༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 16
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
བོན་ཞེས་པའི་ཐ་སྙད་འཇུག་ཡུལ་སྐོར་ཟུར་ཙམ་གླེང་བ།
[རྩོམ་ཁུངས།:ཁྱུང་པོ་དྲྭ་བ།] [ཟླ་ཚེས།:2019-01-02] [རྩོམ་པ་པོ།:བསོད་ནམས་བློ་གྲོས།] [གཟིགས་ཐེངས:]

བོན་ཞེས་པའི་ཐ་སྙད་འཇུག་ཡུལ་སྐོར་ཟུར་ཙམ་གླེང་བ།

 

བསོད་ནམས་བློ་གྲོས།

 

   བོན་ཞེས་པའི་སྒྲ་འདི་འཇུག་སའི་ཡུལ་གཞི་རྒྱ་ཆེ་ལ་གཏིང་མཐའ་ལོན་དཀའ་བ་ཞིག་ཡིན་ཀྱང་།   ཁོ་བོའི་རྣམ་དཔྱོད་ཀྱིས་དཔོག་ཚོད་ལ་བསྟུན་ནས་གོ་ཚོད་ཀྱི་གླེང་སློང་ཉུང་ཙམ་ཞུ་བ་ལ།    དང་པོ་བོན་ཞེས་པའི་ཐ་སྙད་དེ་དུས་ཚོད་ག་དུས་བྱུང་ཡོད་མེད་དང་། གཉིས་པ་བོན་གྱི་སྒྲ་འཇུག་སའི་རྣམ་གྲངས་དང་བོན་ཞེས་པའི་སྒྲ་དེ་གང་ལ་འཇུག་མིན།  གསུམ་པ་བོན་ཞེས་པའི་སྒྲ་ཡི་ཁྱབ་ཁོངས་སུ་ག་འདྲ་འདུ་ཐུབ་མིན་སོགས་མང་པོ་ཡོད་པ་ལས།   དང་པོ་བོན་ཞེས་པའི་ཐ་སྙད་འདི་ནི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་གཡུང་དྲུང་བོན་གྱི་བསྟན་པ་སྲོལ་གཏོད་མ་མཛད་པའི་གོང་ནས་བྱུང་བ་ཞིག་ཡིན་པ་རེད། ཅིའི་ཕྱིར་ན་གདོད་མའི་བོན་དང་གཡུང་དྲུང་བོན་གཉིས་ཀྱི་བར་ལ་ཁྱད་པར་ཡོད་པ་དེ་མཁས་པ་མང་ཆེ་བས་ཞལ་གཅིག་མཐུན་དུ་གྱུར་ཡོད་པ་དང་།  གདོད་མའི་བོན་ཞེས་པ་དེ་གཤེན་རབ་མ་བྱོན་པའི་གོང་དེར་བོན་གྱི་ལུགས་མི་འདྲ་བ་མང་དག་བྱུང་མྱོང་ཡོད་པ་ནི་ལུང་དང་རིགས་པ་གཉིས་ཀས་གསལ་པོར་བསྟན་ཐུབ་པ་ཡོད།  བོན་གྱི་བཀའ་མདོ་གཟེར་མིག་གསུང་རབ་སྒོ་མཛོད་དཔར་མ། ཤོག་གྲངས། (49) སྟོན་པས་བསྟན་པ་སྤེལ་བའི་ལེའུ་ལས། དབལ་བོན་རོམ་པོ་དང་། ཡོགས་བོན་གཏོ་རྒྱལ་དང་།  ཁྲིན་བོན་ཕྱྭ་སངས་དང་། གཉེར་བོན་གཏོ་ཆེན་དང་། འོ་བོན་འབྲང་ཟུང་ང་དང་། འཚམས་བོན་ཡོ་ཀྲུ་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ།། བདུད་བོན་དམུ་ལྕགས་དང་།  དམུ་བོན་ཡེའུ་ཐན་དང་། བཙན་བོན་མཚལ་ལྕགས་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། སྲིད་བོན་མུ་ཆོ་དང་། སྐོས་བོན་གཙུགས་སྲས་དང་། ཕྱྭ་བོན་ཐེའུ་ལེགས་དང་། ལྷ་བོན་ཐེངས་དཀར་དང་དེ་རྣམས་ནི་ཡེ་གཤེན་གཉེན་པ་བཅུ་གསུམ་འདུལ་བའི་བོན་པོ་ལགས་ཏེ། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ།། ཞེས་གསུངས། ད་དུང་ཁ་གསལ་བ་ཞིག་ནི་བོན་གྱི་དཔེ་རྒྱུན་ཆེས་རྙིང་པ། (སྲིད་པ་སྤྱི་མདོས་) ཞེས་སུ་གྲགས་པ། འཕྲུལ་དེབ་ཤོག་ངོས། 18 པ་ལས། (“བསྭོ། བདུད་བོན་གྱི་དམར་ཐབ་ལ། །  གཤེན་རབ་ནི་ཅི་དགྱེས་ཏེ། །  ཁྱབ་པ་ནི་ཆམ་ལ་ཕབ། །  འབྲུ་དཀར་གྱི་གཏོར་མ་བཀང་། །  དམར་ཐག་གི་འདྲེ་བྱུང་ན། །  གཤེན་ལྷ་ལ་ནོངས་པ་མཐོལ། །  གདོན་བོན་གྱི་ཤེ་ཆུའི་སྐྱེམས། །   གཤེན་རབ་ནི་ཅི་དགྱེས་ཏེ། །   གདོན་འདྲེ་ནི་ཆམ་ལ་ཕབ། །   འབྲུ་དཀར་ནི་ཡུ་ཏིས་བཀང་། །   ཤེ་ཆུ་ཡི་འདྲེ་བྱུང་ན། །   གཤེན་ལྷ་ལ་ནོངས་པ་མཐོལ། །  འདུར་བོན་གྱི་ཐོ་ཅོ་ལ། །   གཤེན་རབ་ནི་ཅི་དགྱེས་ཏེ། །  བླ་གཤེད་ཀྱི་འདྲེ་བྱུང་ན། །  སྣང་སྲིད་ཀྱི་མདོས་ཀྱིས་བཀང་། ། ངན་དུག་གི་འདྲེ་བྱུང་ན། །  གཤེན་ལྷ་ལ་ནོངས་པ་མཐོལ། ། ཡེ་སྲིད་ཀྱི་སོ་མཚམས་ན། ། མདོས་ཐག་ནི་ཅི་ཆེ་སྟེ། ། སྲིད་བོན་ནི་ཆམ་ལ་ཕབ།། ཡེ་ཀློང་གི་མདོས་ཀྱིས་བཀང་།། སྡོང་ཞན་གྱི་འདྲེ་བྱུང་ན།། གཤེན་ལྷ་ལ་ནོངས་པ་མཐོལ།ཞེས་པས་བདུན་བོན་དང་གདོན་བོན་དང་འདུར་བོན་དང་སྲིད་བོན་རྣམས་གཤེན་རབ་ཀྱི་སྔོན་ནས་ཡོད་པ་དང་། དེ་དག་གི་མཆོད་པ་བྱེད་ཕྱོགས་ལ་གཤེན་རབ་མ་དགྱེས་ནས་བདུད་བོན་དང་གདོན་བོན་རྣམས་ཆབ་ལ་ཕབ། འབྲུ་དཀར་གྱི་གཏོར་མ་དང་ཡུ་ཏི་འབྲུ་ཆང་སོགས་ཀྱིས་མཆོད་རྫས་འཐུད་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་དུ་བཏོད་མཛད་པ་སོགས་དཔེ་གཞུང་དུ་མ་ལས་གསལ་ལོ།།  གཉིས་པ་བོན་ཞེས་པའི་སྒྲ་འདི་སྐབས་འགའ་ལ་ཤེས་བྱ་ཐམས་ཅད་ལ་འཇུག་པ་ཡིན་ཏེ་ཤེས་བྱ་སོ་སོ་བ་ལ་རང་གི་མཚན་ཉིད་གནས་སྟང་གི་ཡིན་ལུགས་རེ་རེ་ཡོད་པས། དཔེར་ན་ཀུན་མཁྱེན་བླ་མས་རང་གི་མཚན་ཉིད་འཛིན་པ་བོན་གྱི་མཚན་ཉིད་གསུངས་པ་ལྟར། ཤེས་བྱ་ལའང་འཇུག་སྟེ།བོན་ཐམས་ཅད་བདེན་པ་གཉིས་སུ་འདུས་སོ་གསུངས། ཡང་འཁོར་བ་དང་མྱང་འདས་ལ་འཇུག་སྟེ།འཁོར་བའི་བོན་དང་མྱངས་འདས་བོན་ཞེས་གསུངས་སོ།། གཞི་ལམ་འབྲས་གསུམ་ལའང་འཇུག་སྟེ། གཞི་ཡི་བོན་དང་། ལམ་གྱི་བོན་དང་། འབྲས་བུའི་བོན་དང་གསུམ་ཞེས་གསུངས་སོ།། གསུང་རབ་ལའང་འཇུག་སྟེ།སྟོན་པའི་བོན་སྒོ་བཞི་མཛོད་ལྔ་ཅེས་གསུངས་པ་སྟེ།   བླ་མེད་སེམས་ཕྱོགས་ཀྱི་གཞུང་གཙོ་བོར་སྟོན་པའི་བོན། དཔོན་གསས་མན་ངག་ལུང་གི་བོན་སྒོ་དང་། མོ་རྩིས་གཏོ་དཔྱད་གཙོ་བོར་སྟོན་པའི་བོན།  ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་དང་།  བསྙེན་པའི་གཞི་མ་སྒོ་དགུའི་ཁོབ་དབུབ། སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱི་གཞུང་བསྲང་། ལས་ཀྱི་འཕྱོང་ཆེན་སྡེ་དགུའི་མཐའ་འཕྱོལ་བའི་ལམ་ནས་གསང་སྔགས་རིམ་པ་གཉིས་ཀྱི་ཉམས་ལེན་ལ་བརྟེན་ནས་བདེ་སྟོང་ཡེ་ཤེས་གཙོ་བོར་སྐྱེ་བྱེད་ཀྱི་བོན།  ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་དང་། གཞི་སྙིང་རྗེ་ཆེན་པོ་ཉམས་སུ་ལེན་ཐབས་དང་། ཐབས་ཕར་ཕྱིན་བཅུ་ཡི་གཞུང་ཤིང་བྱེད་ནས་ཁམས་བརྒྱད་ཀྱི་རྣམ་བཞག་གཙོ་བོར་སྟོན་པའི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་དང་། སྣང་སྲིད་འཇིག་རྟེན་གྱི་བཀོད་པ་འདི་ཆགས་འཇིག་གནས་སྟོང་གི་ཡིན་ལུགས་གཙོ་བོར་སྟོན་པ། མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་དང་ལྔའོ།  ཡང་གདུལ་བྱ་སེམས་ཅན་གྱི་ཉོན་མོངས་པ་ལ་ལྟོས་ནས་འདུལ་བྱེད་བོན་སྒོ་བཞི་མཛོད་ལྔ་སྟེ། འདོད་ཆགས་འདུལ་བྱེད་ཀྱི་གཉེན་པོ་ལ་འཕན་ཡུལ་འབུམ་གྱི་བོན་སྒོ་དང་།  ཞེ་སྡང་འདུལ་བྱེད་ཀྱི་གཉེན་པོ་ལ་ཆབ་དཀར་སྔགས་ཀྱི་བོན་སྒོ་དང་། གཏི་མུག་འདུལ་བྱེད་ཀྱི་གཉེན་པོ་ལ་དཔོན་གསས་མན་ངག་ལུང་གི་བོན་སྒོ་དང་།  དུག་གསུམ་ཆ་སྙོམས་པའམ་དུག་ལྔ་ཁ་ཚང་བ་འདུལ་བྱེད་ཀྱི་གཉེན་པོ་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་འདི་གསུངས་པ་ཡིན་ནོ།།   ཡང་བོན་ཅེས་པ་འདི་གནའ་བོའི་རིག་གནས་མཚོན་བྱེད་ཅིག་ལའང་འཇུག་སྟེ། ཐུབ་པའི་རིག་གནས་བོད་ལ་མ་བྱུང་གོང་བོད་ཀྱི་བཅུ་ཕྲག་རིག་གནས་ཀུན་པོ་བོན་གྱི་རིག་གནས་ཡིན་པས་སོ།། བོན་ཞེས་པ་འདི་གྱེར་ལ་འང་འཇུག་སྟེ།   མ་མོ་འཁྲུགས་བསྐང་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། གསང་སྔགས་དབྱངས་སུ་གྱེར་བའི་དུས། ཞེས་པའི་གསང་སྔགས་དབྱངས་སུ་གྱེར་བའི་དོན་ཡིན་དགོས། བརྡ་རྙིང་དུ་སྔགས་སོགས་བཟླ་བའི་འདོན་པ་ལ་བོན་པ་ཞེས་བཤད་སྲོལ་རྙིང་པ་ཡོད་པ་མ་ཟད། ཞང་སྐད་དུའང་བོན་ལ་གྱེར་ཅེས་འབོད་པ་ནི། གྱེར་རྩེ་དང་དུན་རྩེ་ཞེས་བོན་དགྲ་དང་བན་དགྲར་འཇུག་པ་དང་།

སྒྲུབ་པའི་གཤེན་པོ་ལའང་འཇུག་སྟེ། མོན་བོན་ཧ་ར་ཅི་པར། སེ་བོན་ཤ་རི་དབུ་ཆེན། ལྡེ་བོན་གྱིམ་ཚ་རྨ་ཆུང་སོགས་གཤེན་པོ་དུ་མ་གྲགས་སོ།།  རྟགས་དང་ཚད་མ་སྨྲ་བའི་སྐབས་སུ་ཡང་རྟགས་དང་བོན་ཅན་གསལ་བ་དང་། བོན་ཅན་རྣམ་པ་དྲུག་དང་། དགག་བྱའི་བོན་དང་། སྒྲུབ་བྱའི་བོན་དང་། བོན་ཅན་སྔ་བཙན་ཕྱི་བཙན་དང་། རྟགས་ཀྱི་སྦྱོར་བ་ལ་ཡང་སྒྲ་བོན་ཅན། མི་རྟག་སྟེ། བྱས་པའི་ཕྱིར་སོགས་གཡུང་དྲུང་བོན་ལུགས་ཀྱི་ཚད་མ་རིག་པའི་ལམ་ནས་བོན་གྱི་ཐ་སྙད་གྲངས་སུ་མེད་པ་ཞིག་ཐོན་གྱིན་ཡོད་པ་རེད། དེང་ཆར་བོན་ཞེས་པའི་ཐ་སྙད་གཙོ་བོ་དེ་སྟོན་པ་གཤེན་རབ་མི་བོས་སྲོལ་གསར་དུ་གཏོད་པའི་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ་དང་། ཕྱི་ནང་གསང་གསུམ་མམ་གཞི་ལམ་འབྲས་གསུམ་གྱི་མ་ལག་ཆ་ཚང་བའི་གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་འཇུག་པར་མངོན་གསལ་རེད། བསྟན་པ་འདི་ལ་ཡང་བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་བོན་དང་། བརྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་བོན་གཉིས་སུ་ཡོད་པ་ལྟར་རོ།། གདོད་མའི་དུས་སུ་བོན་པོ་ཞེས་པའི་ཐ་སྙད་དེ་དེང་སང་ནང་པའི་དགེ་སྒྲུབ་བྱེད་མཁན་ཀུན་ལ་ཆོས་པ་ཞེས་ཐ་སྙད་བཏགས་པ་དང་གཅིག་པ་རེད་སྙམ་བྱུང་། རྒྱ་གར་གྱི་ཆོས་ལུགས་བོད་དུ་མ་དྲངས་གོང་ལ་བོད་ཀྱི་དགེ་སྒྲུབ་པ་ཚང་མ་ལ་བོན་པོ་ཞེས་པའི་ཐ་སྙད་འདོགས་སྲོལ་ཡོད་པ་རེད། དུས་ཕྱིས་ཐུབ་བསྟན་བོད་དུ་དྲངས་པ་ནས་བཟུང་སྟེ། ནང་བསྟན་གྱི་གྲུབ་མཐའ་ལ་ཞུགས་པའི་དགེ་སྦྱོང་བ་དང་། གཤེན་དང་ཤཀྱའི་རིག་གནས་ལ་འབད་པའི་མི་འབངས་བྱིངས་ལ་བོད་ཀྱི་ཆོས་པ་ཟེར་བའི་ཐ་སྙད་རྒྱུན་འཇག་ཏུ་སོང་བ་རེད་སྙམ། སྟོན་པ་གཤེན་རབ་མ་བྱོན་གོང་ལ་ཡང་བོན་ཞེས་པ་དེ་གནའ་བོའི་ཆབ་དཔལ་རིག་གསུམ་ལ་འབྲེལ་བ་ངེས་ཅན་ཞིག་ཡིན་པ་དང་། སྟོན་པ་གཤེན་རབ་བྱོན་པའི་རྗེས་སུ་ཡང་། བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་རིང་ལ་བོན་ནམ་བོད་ཀྱི་སྤྱི་ཚོགས་ནང་ཆབ་དཔལ་རིག་གསུམ་གྱི་ཆ་རྐྱེན་ཡོངས་རྫོགས་བོན་གྱི་ཤེས་རིག་ལམ་ནས་དར་སྤེལ་མཛད་ཕྱོགས་མང་པོ་བྱུང་ཡོད་པ་རེད། རྒྱུ་མཚན་སྤྱི་ཚོགས་དང་རྒྱལ་ཁབ་མི་རིགས་གང་གི་དུས་སུ་ཆབ་དཔལ་རིག་གསུམ་གྱི་མ་ལག་དེ་སྐབས་དེ་དུས་ཀྱི་སྐད་དང་ཡི་གེ་གཉིས་ཀྱིས་སྤེལ་དགོས་པ་ལས་གཞན་མེད་པས། དུས་ཕྱིས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཐུབ་ཆོས་བོད་ལ་མ་དྲངས་པའི་སྔ་རོལ་དུ་བོད་ལ་བོན་གྱི་སྐད་ཡིག་རིག་གནས་ལས་གཞན་མེད་པ་འཛམ་གླིང་སྤྱི་བོ་གནམ་སྟོན་ཕལ་གྱིས་ཁས་ལེན་བཞིན་པ་ཡིན་པས་སོ།།

གསུམ་པ། བོན་ཞེས་པའི་སྒྲ་ཡི་ཁྱབ་ཁོངས་སུ་བོན་གྱི་བཅུ་ཕྲག་རིག་གནས་དང་བོན་སྒོ་ལ་ཞུགས་པའི་བོན་པོ་བ་དང་།  བོན་གྱི་ཆ་ལུགས་ཆོ་ག་དང་། བོན་གྱི་རིག་གནས་ལ་མངའ་བརྙེས་པའི་མེས་པོ་གོང་མ་རྣམས་ཀྱི་གནའ་ཤུལ་དང་།  བོན་གྱི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཞབས་དངོས་སུ་བཅགས་པའི་གནས་ཆེན་ཀོང་པོ་བོན་རི་སོགས་གནས་རི་བྱིན་ཅན་དང་། ཞང་ཞུང་འཇའ་ལུས་ཉེར་བཞི། སྤྲུལ་སྐུ་དྲིན་ཅན་རྣམ་གཉིས། རིག་འཛིན་གྲུབ་ཆེན་བརྒྱད་ཅུ་དང་། གཡས་རུ་སྟོན་པ་བཅོ་བརྒྱད། སྨན་རིའི་མཁན་རབས་རིམ་བྱོན་སོགས་ཀྱིས་སྒྲུབ་པ་ཉམ་བཞེས་དང་། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་ཀྱི་ལམ་ནས་གཤེན་བསྟན་རི་བོའི་རྒྱལ་མཚན་མཁའ་རུ་བསྒྲེངས་སའི་བསྟི་གནས་ཡོངས་སུ་རྫོགས་པ་བོན་གྱི་ཁྱབ་ཁོངས་སུ་འདུས་སོ།།  གཡུང་དྲུང་བོན་གྱི་བསྟན་པ་འདི་ཡི་རྒྱུད་རིམ་ཁྲོད་དར་ནུབ་དང་འཕེལ་གྲིབ་ཚོད་དུ་མེད་པ་ཞིག་བྱུང་རེད། ཡང་དག་པའི་བོན་གྱི་དཔེ་གཞུང་ནང་ལ་དཔྱད་ཀློག་དང་ལྟ་རྟོགས་སྤུ་ཙམ་མ་བྱས་ཁར།  ཕྲག་དོག་དང་ཧམ་སེམས་ངན་པས་ཕྱོགས་ཞེན་ཀུན་ནས་བསླང་སྟེ། བརྡོལ་བོན་དང་འཁྱལ་བོན། བོན་དཀར་དང་བོན་ནག ཅེས་དམའ་འབེབས་ཀྱི་ཚིག་མཚོན་རི་བོའི་གཏོས་ལས་མཐུག་པར་སྤུངས་ཟིན་པ་དང་སྤུངས་བཞིན་པ་རེད་དེ། ཡིན་ལུགས་བདེན་པ་དཀར་པོ་ལ་ཁུང་མེད་རྫུན་གྱི་དྲེགས་ནག་འགོས་མི་སྲིད་པ་བཞིན་རེད།  གྲི་གུམ་བཙན་པོ་དང་ཁྲི་སྲོང་ལྡེ་བཙན་གཉིས་ནས་བཟུང་བོན་གྱི་བསྟན་པ་འདི་ལ་གྱོང་གུད་དང་ཕམ་ཁ་བརྡབ་བསྲེགས་དུ་མ་ཞིག་བྱུང་ཡོད་པ་རེད་དེ། ཤི་བོའི་རྒྱབ་ཀྱི་བརླག་འཕྲོ་ད་ལྟའི་མཇལ་སྐལ་དུ་ཡོད་པའི་བཀའ་འགྱུར་དང་བརྟེན་འགྱུར་ཁྱོན་པོ་ཏི་ལྔ་བརྒྱ་ཡན་མན་ཁྲ་རུག་རུག་འོད་ཕུང་ཕུང་། གསལ་ལམ་ལམ་གནས་ཡོད་པ་འདི་ནི་ང་ཚོ་བོན་འབངས་སྤྱི་བོ་གནམ་སྟོན་ཡོངས་ཀྱི་བསོད་ནམས་ཤིག་རེད། ད་དུང་གཤེན་རབ་མི་བོའི་རྗེས་འཇུག་གི་མཁས་པ་དུ་མའི་གསང་གསུམ་ཐུགས་ཀྱི་དགོངས་པ་ཟབ་མོའི་ཉིང་གཏེར་ལས་འཁྲུངས་པའི་མདོ་སྔགས་སེམས་གསུམ་སོགས་ཕྱི་ནང་རིག་གནས་ཀྱི་འཇུག་སྒོའི་གསུང་འབུམ་པོ་ཏི་བརྒྱ་ཕྲག་ལས་བརྒལ་བ་འདི་ཚོ་ཡང་སངས་རྒྱས་བསྟན་པའི་གསལ་བྱེད་ཡང་དག་ཅིག་ལོས་ཡིན།   ད་ལྟ་བའི་སྒང་ལ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་དོན་ཕྲག་ཏུ་བསྣམས་པའི་བསྟན་འཛིན་བླ་ཆེན་རྣམས་ཀྱིས་གང་གསལ་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་འདི་ཚོ་རྒྱུད་འཛིན་དར་སྤེལ་ཆེད་དང་། མི་རིགས་ཤིག་གི་སྲོག་རྩ་དང་། ཕ་སྐད་ཅིག་གི་བླ་ཚེ་སྲུང་བའི་ཆེད་དུ་འབྱུང་འགྱུར་བསྐལ་པ་བརྒྱ་ཕྲག་ཅིག་ཚེས་དུས་ལ་ཡང་། ལོ་བརྒྱ་ཐུབ་པའི་མི་མེད་ཀྱང་། བསྐལ་པ་སྟོང་གི་གླེག་བམ་ཡོད་ཅེས་པའི་བོན་གྱི་སྐད་གསང་མཁའ་ནས་འབྲུག་ཆོག་པའི་ཡིག་འབྲུ་མ་གསལ་བ་རྣམས་གསལ་བར་མཛད། པོད་ཁ་མ་ཚང་བ་རྣམས་ཚང་བར་མཛད་ནས། དཔེ་གཟུགས་དང་དེབ་གཟུགས་འཕྲུལ་གཟུགས་ཀུན་གྱི་ལམ་ནས་ཆད་ལྷག་གི་སྟོང་ཆ་ཡོད་ཚད་བསྐངས་ནས་ཤར་ནུབ་མི་རིགས་ཀྱི་དཔེ་མཛོད་ཁང་དུ་རླབས་ཆེན་ཁྱབ་བདལ་གྱི་བཤམས་སྟོན་ལེགས་པར་མཛད་ཕྱོགས་ལ་ཡང་། ང་ཚོ་བོན་འབངས་ཡོང་ཀྱིས་ཡི་རངས་དང་རྒྱབ་སྐྱོར་ཞུ་དགོས་ངེས་དང་ཞུ་འོས་པ་ཞིག་ཡིན་པར་ཤེས་དགོས་སོ།།།

སྤྱི་ལོ/༢༠༡༨//༢༨/ཉིན་སུག་བྲིས་བྱས་པའོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།