༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
བོན་བསྟན་རྒྱས་པའི་ཞིང་ཁམས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2018-11-19] [རྩོམ་པ་པོ།:གངས་རིའི་ལྷ་བུ།] [གཟིགས་ཐེངས:]

5d69c93ccc79409f04475e7924c3399.jpg


བོན་བསྟན་རྒྱས་པའི་ཞིང་ཁམས།


གངས་རིའི་ལྷ་བུ།


རྒྱབ་རི་ཟངས་འོད་འབར་བའི་གནས་མཛེས་མཛེས། །

མདུན་ངོས་གསེར་ཉ་འཁྱིལ་འདྲའི་བར་ཡངས་ཡངས། །

གསས་ཁང་བཀོད་ལེགས་ཡིད་དབང་འདྲེན་ལ་ལ། །

ཁྱུང་སྟེང་ལྷ་ཡི་ཕོ་བྲང་ངོ་མཚར་མཚར། །

 

བཤད་སྒྲུབ་སྒོམ་སྡེའི་སློབ་དཔོན་ཚུལ་བཙུན་བཙུན། །

བསྟན་དང་འགྲོ་བའི་དོན་མཛད་ཤོང་ལ་ལ། །

རུ་གྲལ་སློབ་མའི་གོང་དུ་བརྗིད་ཆོག་ཆོག །

གཙོ་སྐྱོང་སྒམ་ཞིང་དཀྱེལ་བའི་རྟགས་གསལ་གསལ། །

 

ཁྱུང་ཡུལ་རིག་པའི་ཕ་ས་ཡིན་ཆོག་ཆོག །

ཁྱུང་ཕྲུག་རིག་པའི་གཤོག་རྩལ་ངོམ་བདེ་བདེ། །

ཁྱུང་ཆེན་འཕུར་ཤུལ་ངོ་མ་གསལ་ལམ་ལམ། །

ཁྱུང་གཤོག་ཤེས་བྱའི་མཁའ་ལམ་རྐྱོང་ཤག་ཤག །

 

བོན་དཔེ་འཕྲུལ་དཔར་འཕེལ་ཁ་ལེགས་དར་དར། །

བོན་འདོད་སྐོམ་པའི་གདུང་བ་སེལ་ཆོག་ཆོག །

བོན་དཔེར་ལས་སྒྲིག་གོམས་པའི་རྒྱུས་བཟང་བཟང་། །

བོན་གཤེན་སྔ་མའི་གྱོང་ཕམ་བསྐང་འགྲིག་འགྲིག །

 

སྒོ་བཞི་མཛོད་ལྔའི་བོན་སྒོ་འཕེལ་མྱུར་མྱུར། །

རིས་ཅན་མ་རངས་ན་ཡང་སྐྱོན་ལྐུགས་ལྐུགས། །

འཛམ་གླིང་རིས་བྲལ་གོ་ལར་ཁྱབ་སླ་སླ། །

བདེན་པ་ཆེན་པའི་སྟོབས་དེ་དགག་དཀའ་དཀའ། །

 

ཁྱུང་པོའི་གྲྭ་ས་ཆེན་མོ་འདི་འཕེལ་འཕེལ། །

དམར་སེར་མཚམས་སྤྲིན་སྐྱེངས་ནས་གབ་ཆོག་ཆོག །

དད་ལྡན་དྭངས་བ་འདྲེན་རྣམས་བློ་ཚིམ་ཚིམ། །

སྟོན་འཁོར་སྡེ་བཞི་ཡ་བརྒྱད་རྗེས་འགྲོ་འགྲོ། །

 

ཚིག་དོན་མཐུན་པའི་དཔྱད་འབྲས་འཆད་སྙན་སྙན། །

རིག་ལམ་མེ་ལྟར་འབར་བའི་རྩོད་མཁས་མཁས། །

གསལ་དག་དབྱངས་སྙན་རྩོམ་རིག་གཏིང་ཟབ་ཟབ། །

འདི་ཕྱིའི་རིམ་འགྲོ་ལམ་སེལ་དབྱངས་དིར་དིར། །

 

ཨ་རྫོགས་སྙན་རྒྱུད་སྒོམས་ཉམས་བདེ་འབོལ་འབོལ། །

རིག་སྟོང་རྗེན་པར་ལྟ་བའི་ངར་རྒོད་རྒོད། །

མ་རིག་ཉོན་མོངས་རྟོག་ཚོགས་ངོ་སྐྱེངས་སྐྱེངས་། །

ཡེ་ཤེས་ཏིང་འཛིན་ཆུ་བོ་ཇེ་རྒྱས་རྒྱས། །

 

རང་གི་མ་ཡུམ་སློབ་གླིང་དྲན་མང་མང་། །

རང་བཞིན་ཡི་གེ་ཤར་མར་བཀོད་མཛེས་མཛེས། །

རང་སེམས་གསལ་རྣམས་སྐད་ཅིག་བྲིས་མྱུར་མྱུར། །

རང་ལྟ་མ་འཐད་གཞན་འགས་ཞེ་སྡང་སྡང་། །

 

དེ་ལ་མཐོལ་བཤགས་ཞུ་བའི་བློ་དབེན་དབེན། །

དེ་རིང་སེམས་ཀྱི་འཆར་སྣང་འདིར་གསལ་གསལ། །

དེ་ཙམ་ཡིན་གྱི་ཁྱོད་ངོར་བསྟུན་ཉུང་ཉུང་། །

དེ་ལུགས་ཡིད་ལ་གཟུངས་ཤིག་མི་ལ་ལ། །

༢༠༡༨/༡༡/༡༥/ཉིན་གྱི་སྔ་དྲོར་སློབ་གླིང་གི་འདྲ་པར་མཐོང་ཙམ་ནས་འདི་ལྟར་ཐལ་སོང་། 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།