ཕ་ཡུལ།
ལྷ་ཐོག ཕོ་ལྷ།
ཕ་ཡུལ་ནི
སེམས་ཀྱི་ཉིན་སྲིབ་ལ་བཞད་པའི་མེ་ཏོག་དཀར་པོ་ཞིག་རེད
ཕ་ཡུལ་ནི
ཉེ་ས་ཉེ་ས་ནས་མི་དྲན་ཞིང
རིང་ས་རིང་ས་ནས་དྲན་ཡོང་པའི་མཛེས་སྡུག་གི་དག་ཞིང་དེ་རེད
ཕ་ཡུལ་ནི
མི་ཚེའི་མེ་ཏོག་བཞད་སའི་ལྡུམ་ར་ཞིག་དང
ཚེ་རབས་ཀྱི་མཇུག་རྔ་བསྡུ་སའི་དུར་ས་ཞིག་རེད
༢༠༡༨/༡༠/༡༦/ཉིན་བྲིས་སོ།།
ཕ་ཡུལ་གྱི་ཆབ་རོམ།
ལྷ་ཐོག ཕོ་ལྷ།
ཕ་ཡུལ་གྱི་ཆབ་རོམ
བྱིས་པ་ཚོའི་བརྩེ་གྲོགས་ཡིན
ཆུང་ཆུང་གི་འཚོ་བ་ཁྱོད་ཀྱི་ལྷན་དུ་རོལ་ན
སེམས་ཀྱི་འཇིག་རྟེན་ལ་བདེ་སྐྱིད་ཀྱི་ཕོ་བྲང་བཞེངས་ཐུབ
ཕ་ཡུལ་གྱི་ཆབ་རོམ
ལོ་སར་གྱི་དགའ་སྟོན་རོལ་སའི་
དངོས་པོ་ཡག་ཤོས་དེ་ཡིན
ཕ་ཡུལ་གྱི་ཆབ་རོམ
བྱིས་པའི་སེམས་ཁམས་དང་འདྲ་བ་ཧ་ཅང་དྭངས་གཙང་ཡིན
ཕ་ཡུལ་གྱི་ཆབ་རོམ་
ང་ཁྱོད་ལ་གཏན་དུ་དགའ
༢༠༡༨/ ༡༠/༡༦ཉིན་ཡུལ་ཁྲོཾ་ལྗོངས་ཕྱུག་མོ་ནས་བྲིས་སོ།།
ང་ཚོ་མེ་ཏོག་རེད།
ལྷ་ཐོག ཕོ་ལྷ།
ང་ཚོ་གྱེས་བྲལ་གྱི་ལོ་ཟླ་རེ་རེ་དང
ལྷན་འཛོམས་གྱི་དུས་ཚིག་རེ་རེ་ནི
ང་ཚོའི་བརྩེ་བ་ཇེ་མཐོ་རུ་འགྲོ་བའི་བརྡ་རྟགས་ཤིག་ཡིན
སྔོན་འགྲོའི་གཏམ།
ང་ཚོ་ཚང་མ་མེ་ཏོག་རེད
ཡུལ་ལུང་གཅིག་ནས་བཞད་པའི་མེ་ཏོག་ཁྱུ་གཅིག་རེད
མི་ཚོས་སྙན་ངག་གི་ཕོ་བྲང་བཞེངས་དུས
ང་ཚོ་ལ་ཡུལ་ལུང་གཅིག་གི་མེ་ཏོག་ཟེར
དུས་བཞིའི་འགྱུར་ཟློག་གི་ཁྲོད་ནས
ང་ཚོ་གཏན་ནས་སད་མི་ཐུབ
ང་ཚོ་མེ་ཏོག་རེད
ང་ཚོའི་མི་ཚེའི་འགྲུལ་བཞུད་མཚུངས་ཤིང
འཚོ་བ་རོལ་སྟངས་གཅིག་པའི
མེ་ཏོག་ཁྱུ་གཅིག་རེད
ང་ཚོ་རྫ་རི་དང་སྤང་རི་ལ་བཞད་ཡོད་པས
ང་ཚོའི་འཚོ་གཞིས་ལ
ཡིད་སྨོན་འཕྱོར་མཁན་མང
ང་ཚོ་དྭངས་གཙང་གི་གཙང་བོ་དང་ལྷ་རྫིང་ཡིན
ང་ཚོ་མཛེས་སྡུག་གི་མེ་ཏོག་དང་ཁ་བ་ཡིན
༢༠༡༨/༡༠/༡༤/ཉིན་སྙིང་གྲོགས་འགའ་ལྷན་འཛོམས་བྱུང་བས་བྲིས་སོ།།
ཙི་གུ་དང་ཕོ་ལྷ།
ལྷ་ཐོག ཕོ་ལྷ།
ཙི་གུ་ཞིག་ངའི་ཆུ་ཟམ་ནང་ལ་ཤི་འདུག
ངས་མ་ཎི་འདོན་དགོས་སམ
དགའ་བསུ་བྱེད་དགོས
ཙི་གུ་ཞིག་གིས་ངའི་རྣ་ཉན་དུམ་བུར་བཅད་སོང
ངས་གྲི་དང་ཞི་མི་འཚོལ་དགོས་སམ
བཟོད་པ་སྒོམ་དགོས
ཙི་གུ་དང་ཕོ་ལྷ་གཉིས་ནི་ངོ་མ
སྡིག་སྒྲིབ་ཕོག་པའི་ལོ་མ་གཉིས་རེད་འདུག
ལས་རླུང་གིས་གང་དུ་དེེད་འགྲོ་མི་ཤེས་ཤིང
ནམ་ཞིག་འཆི་འགྲོ་བའང་ངེས་པ་མི་འདུག
ད་དུང་འཐབ་བཞིན་འདུག
ཁོང་ཁྲོས་མེ་ལྕེ་འབར་བཞིན་རྩོད་ཀི་འདུག
ཁོ་རང་གཉིས་ལ
སླར་ཡང་སྡིག་སྒྲིབ་ལྕི་མོ་རེ་ཕོག་སོང
སྐྱར་དུ་དམྱལ་བར་འགྲིམ་པའི་ཐོ་འགོད་བྱེད་ཀྱིན་འདུག
༢༠༡༨/༡༠༡༡/༡ཉིན་མཚམ་མོ་བྲིས་སོ།།