
༧ སུམ་ལྡན་བླ་མའི་རང་གཤིས་ལ་བསྟོད་པ་མ་བཅོས་
ཁ་བཏགས་དཀར་པོའི་རང་མདངས་
བཞུགས་སོ།།
ཨ་ནུ་བསྟན་པ་རབ་རྒྱས།
ཡོངས་འཛིན་བླ་མའི་བྱིན་རླབས་ཀྱིས།།
ཁོང་གི་རྒྱུད་ནི་རབ་ཏུ་བངས།།
དད་གསུམ་པད་མའི་ཟེའུ་འབྲུ་རུ།།
དགའ་བའི་འཛུམ་མདངས་བཅས་ཏེ་ཡོད།།
ཐེག་དགུ་རིམ་པའི་རྩེ་མོ་ཡི།།
བླ་མེད་ཐེག་པའི་ལྟ་བ་རྩེད།།
སྤང་ལེན་བྱ་བྱེད་མ་བཀག་ངེས།།
ཁྱེད་ཀྱིས་སྙིང་རྗེའི་གཞི་རྩ་འཛིན།།
ཡིན་མིན་བོན་གྱི་སྒྲོ་འདོགས་སུ།།
ཏན་ཏན་བྱེད་ནས་བསླབ་པར་བྱེད།།
གཞུང་ཆེན་ཁག་གི་རབ་འབྱམས་ལས།།
གོང་དུ་ཕུད་པའི་དགེ་བའི་བཤེས།།
རང་ཆེ་གྱོང་ཁེངས་གཤིས་ལུགས་སུ།།
ལན་གཅིག་བྱས་པའི་ཐ་སྙད་མེད།།
མཐོ་དམན་ཇི་ལྟར་འཕྲད་ཀྱང་རུང་།།
ཁྱེད་ཀྱི་རྣམ་འགྱུར་ཇི་བཞིན་ཉིད།།
ལེགས་ཉེས་བླང་དོར་རྩ་ནས་འཆད།།
གཤེ་གཤེ་བྱེད་པའི་ཚུལ་མི་ཤེས།།
རྣམ་འགྱུར་ཞི་བས་ཚུགས་འཛིན་ནས།།
བུ་སློབ་བྱམས་ཀྱིས་སྐྱོང་ལ་མཁས།།
མཐོན་པོའི་ཁྲི་ལ་རེ་སེམས་སྤངས།།
དམའ་བའི་ས་ནས་ཀུན་གྱིས་བཀུར།།
ཁྱེད་ཀྱི་སྒོ་གསུམ་རྣམ་དག་ལ།།
གཞན་རྒྱུད་དད་པའི་སྤུ་ལངས་གཡོ།།
འདུ་འཛི་རྒོད་པའི་དུས་རབས་སུ།།
རྒྱལ་ཕམ་ཚོར་བའི་རླབས་ཁ་སྐྱེན།།
ཁྱེད་ཀྱི་གུ་ཡངས་བག་ཕེབས་ལ།།
ཀུན་གྱིས་བསྔགས་པར་ལན་གཅིག་མིན།།
མདོ་སྔགས་རྫོགས་གསུམ་ལྡུམ་ར་རུ།།
ལྟ་སྒོམ་སྤྱོད་པའི་གཤོག་རྩེད་རྩེ།།
འཇིག་རྟེན་བོན་ལ་མ་ཞེན་པའི།།
བཀའ་དྲིན་སུམ་ལྡན་བླ་མ་ཤིས།།
རྒྱ་ནག་ཁྲེན་ཏུའུ་ནས་གུས་སློབ་“ཨ་ནུ་བསྟན་པ་རབ་རྒྱས་སམ་གསེར་གྱི་ཁ་བས་”བསྟར་རོ།།