
རིགས་བརྒྱའི་ཁྱབ་བདག
ཁྲི་རིག་པའི་མདའ།
བསོད་ཚོགས་གཡུང་དྲུང་རྡལ་བའི་སྟེང་།།
ལས་ཀྱི་རི་མོ་བརྩེགས་པ་ཡི།།
ཨ་ཤག་གཞིས་ཀྱི་ནང་མ་རུ།།
རྒྱ་མཚོའི་མཚན་གྱི་ཁྱེའུ་བལྟམས།།
ཟོན་གྱི་སྣང་བ་རྒོད་ས་ནས།།
གཉེན་གྱི་རུ་དཔུང་མཐུག་ས་ནས།།
ངོ་ལོག་བརྒྱབས་ཏེ་ངེས་འབྱུང་བུའི།།
ཁྲིད་དེ་ངུར་སྨྲིག་རྒྱལ་སར་བསྐྱལ།།
རྫ་མཚམས་དབེན་སུལ་ཁྲ་དགོན་དུ།།
མཛོད་ལྔ་མི་བཟད་རྒྱ་མཚོའི་འཇིངས།།
ཐོས་བརྩོན་རྐྱལ་བས་ལེགས་བསྲུབས་པས།།
རྒྱུད་ལ་སྙིང་རྗེའི་ཟླ་བ་འཁྲུངས།།
རྣམ་དཔྱོད་མེ་ཚན་སྟུག་པོའི་སྟེང་།།
སྒོམ་གཉིས་བུད་ཤིང་བསྣན་པ་ཡི།།
རྫོབ་ཅན་བསླུ་བའི་ཟ་ཟིའི་སྣང་།།
སྙིང་མེད་དབལ་གྱི་ཆུ་བཞིན་བསྐོལ།།
སྒོམ་པ་མི་གཡོ་ལྷ་ཡི་ལམ།།
མཁྱེན་གཉིས་ཉི་ཟླའི་ལང་ཚོ་རྫོགས།།
སྟོང་གསལ་ཀ་དག་དྭངས་མ་ལས།།
ལྷུན་གྲུབ་རོལ་པའི་ཕྲིན་ལས་རྡོལ།།
དེ་ནས་ཡར་ཕེབས་སྟེང་དགོན་དུ།།
གཅན་ལྔས་བཏེག་པའི་ཁྲི་འཕང་རྩེར།།
ཉེར་བདུན་མཚན་གྱི་རྒྱན་འཆང་སྟེ།།
དད་འབངས་གཙུག་གི་ལྷ་རུ་བཞེངས།།
ཐུགས་བསྐྱེད་གསེར་གྱི་ས་གཞི་ལ།།
བཤད་སྒྲུབ་སྒོམ་པའི་ས་བོན་བཏབ།།
ཆད་མེད་འཆད་ཉན་ཆར་ཆུ་ཡིས།།
བསྟན་པའི་ལྗང་མྱུག་ཆེ་ཆེར་བསྐྱེད།།
ལུགས་གཉིས་ལྷུན་འཐུག་ནགས་ཚལ་ལས།།
ལེགས་ཆའི་ཙན་དན་རབ་བཏུས་ཏེ།།
དགོན་འདིའི་བསྟན་པ་དིབ་ས་ནས།།
ཨམ་གཙིག་བསྡམ་བཞིན་ཀ་བ་བརྒྱབས།།
བླ་སྤྲུལ་འགའ་ཡི་སྟངས་ར་ཡིས།།
ཤི་ཤོན་ཕག་ཏུ་འགྲིལ་ཆོག་ཀྱང་།།
བསྟན་པ་ཞིག་གི་དོན་ཆེད་དུ།།
སྐུ་ལུས་འབྱུང་བཞིའི་དགྲ་ལ་བསྐུར།།
མི་ཁ་སེར་རྒོད་འཚུབ་པའི་དཀྱིལ།།
རིགས་ཞེན་ཤེལ་མིག་ཐོད་དུ་ཀེར།།
པོད་རྙིང་བརྒྱ་ཕྲག་རྒྱབ་ཁུར་ནས།།
ཚན་རྩལ་དྲ་བའི་མདོས་མདོར་ཆས།།
ལྷག་བསམ་དྲི་མེད་སྟོང་ལྡན་ལས།།
རྒྱལ་བཀའ་པོད་ཏི་ཉིས་བརྒྱའི་གྲངས།།
ཁྲ་བྲིས་གཟུགས་སུ་ལེགས་ཕབ་ཏེ།།
ཤར་ནུབ་མིག་གི་དཔྱིད་དུ་ཕུལ།།
ཞལ་ཆབ་སེང་གེའི་འོ་མ་ཡིས།།
འདུལ་ཁྱུ་བྱེ་བའི་ལུས་སེམས་གསོ།།
ཁྱེད་ཞལ་འཛུམ་པའི་སྣེ་མོ་ལ།།
འགྲོ་ཀུན་དྲོངས་པའི་བྱིན་རླབས་ཡོད།།
དཀའ་སྡུག་རི་ཆུ་བརྒལ་བ་ཡི།།
ཉེར་འབྲས་བཤད་སྒྲུབ་སྒོམ་སྡེ་དང་།།
རྒྱལ་བསྟན་གསུང་རབ་བྱེ་བའི་ཕྲེང་།།
བརྩི་མེད་ནམ་ཀའི་སྐར་ལྟར་བཀྲ།
བྱོན་ལུགས་གཞན་དང་མི་འདྲ་སྟེ།།
གཞན་དོན་ཁོ་ནས་ལུས་སེམས་བྲེལ།།
བགྲེས་ལུགས་གཞན་དང་ག་ལ་འདྲ།།
བསྟན་པའི་དོན་དུ་དགུང་ལོ་རྩེག།
གཞན་ཕན་མཛད་ཕྲིན་ཆ་རེ་ཡིས།།
མཉམ་མེད་བསྟན་པའི་རྩ་བ་སྦོམ།།
བསྟན་ལ་གཙི་བའི་ཞེན་འདང་རེས།།
ཞྭ་དཀར་བོན་གྱི་མགོ་རྣ་མཐོ།།
ཁྱེད་བསྟན་འགྲན་པའི་མྱི་འགའ་ཡིས།།
ཁྱེད་དང་ཁྱེད་བསྟན་སྨད་མོད་ཀྱང་།།
ཁྱེད་ནི་སྨན་མཆོག་རྣམ་རྒྱལ་ལྟར།།
དུག་གི་ལོ་མ་འབྱུང་མི་སྲིད།།
ཁྱེད་བསྟན་ལོ་ཡག་སྙེ་མ་ལ།།
སྡང་བའི་གོད་ཆག་མི་འབྱུང་བའི།།
བཀའ་ཆེན་སྡེ་དང་བོན་སྐྱོང་སྲུང་།།
ཉིན་མཚན་རྟག་ཏུ་ལེགས་སྲུངས་ཤིག།