རྣམ་ཤེས་འདི་སྐྲག་གི།
ཁམས་ནང་བཙུན།
བསྐལ་པ་བརྒྱ་ཕྲག་སྟོང་གི་གོང་རོལ་ནས་བཞད་པའི།།
དགུང་སྔོན་སྤྲིན་དཀར་རླུང་བུས་གཡོ་སྤྱོད་ལྟར་བྱེད་པའི།།
འཇིག་རྟེན་སྲིད་པའི་ཁམས་སུ་ཐེར་ཟུག་ཏུ་གནས་པའི།།
ཡ་ཁོག་གཟུགས་ཕུང་དཀྱིལ་གྱི་རྣམ་ཤེས་འདི་སྐྲག་གི།
འཆི་གྲངས་ཁྲི་མ་འབུམ་གྱི་གྲངས་ཀ་ལས་བརྒལ་བའི།།
རྗེ་བོ་བཙན་པོ་ཞིག་གི་བྲན་གཡོག་ལྟར་སྡོད་པའི།།
ཡུན་རིང་སྲང་ལམ་ཉུལ་ནས་སྨྱོན་པ་ལྟར་འཁྱམས་པའི།།
སྐད་ཅིག་སྡོད་དབང་མེད་པ་མགྲོན་པོ་འདི་སྐྲག་གི།
མི་འདོད་དམྱལ་བའི་ཚ་གྲང་གྲངས་མེད་དུ་མྱོང་བའི།།
གཤིན་རྗེ་ནག་པོའི་མནར་གཅོད་རྡུང་རྡེག་གི་འོག་ནས།།
གཞན་དབང་བཙན་པོ་ཞིག་གིས་ཚ་བཀར་དུ་བྱས་པའི།།
རིགས་དྲུག་ཁམས་སུ་འཁྱམས་པའི་རྣམ་ཤེས་འདི་སྐྲག་གི།
སྡིག་སྒྲིབ་ནག་པོའི་ཚེར་མ་དབལ་སོ་ལྟར་རྣོ་བའི།།
བརྟན་མེད་འདྲེ་མོའི་རླུང་འཚུབས་གཡོ་འགུལ་ལྟར་བྱེད་པའི།།
འཇིག་རྟེན་སྲིད་པའི་གྲོང་འདིར་འཁོར་འཁྱམས་སུ་བྱེད་པའི།།
སྡུག་བསྔལ་སྟོང་གི་ཁུར་པོ་རྣམ་ཤེས་འདི་སྐྲག་གི།
འཇིག་རྟེན་ཟ་ཟི་ནག་པོ་རྡོལ་ཁུངས་ཀྱི་གཞི་མ།།
ཨར་རྒན་ར་བཟི་རྒས་པོའི་གཤིས་ཉིད་དང་མཚུངས་པའི།།
མ་རིག་དུག་ཆུའི་ཁ་ཞགས་ཆགས་པ་ཡི་ཕག་ན།།
རང་དབང་སྤུ་ཙམ་མེད་པའི་རྣམ་ཤེས་འདི་སྐྲག་གི།
ལས་དབང་བདུན་བཞིའི་ལྕགས་སྒྲོག་རང་ཆས་སུ་འཐས་པའི།།
འདོ་མེད་ལེ་ལོའི་གཡེང་བ་ཟད་མེད་ཀྱི་མཐའ་མར།།
དུས་པོ་ཆེ་ལ་ཁྱེད་ཉིད་སྡུག་བསྔལ་གྱི་སྦྱོང་བ།།
བསམ་ཡུལ་ལས་འདས་འཁྲུལ་བའི་རྣམ་ཤེས་འདི་སྐྲག་གི།
ཕ་རོལ་སྲིད་པ་བར་དོའི་འཁྲུལ་སྣང་གི་རྣམ་ཤེས།།
བདེན་མེད་སྒྱུ་མའི་གཡོ་འཁྲུལ་ཉག་ཅིག་ཏུ་ཡིན་ཡང་།།
བདེན་འཛིན་ཨ་མཐས་དྲྭ་བའི་འཆིང་ཐག་གི་རུམ་ནས།།
ཚ་གྲང་སྡུག་བསྔལ་མྱོང་བའི་རྣམ་ཤེས་འདི་སྐྲག་གི།
ལས་དབང་འགོག་མེད་ཡང་སྲིད་ཕྱི་མ་ཡི་འཁྲུལ་ཡུལ།།
མི་འདོར་ཞེ་འཛིན་དམ་པོར་འཁྱུག་འཁྱུག་ཏུ་འཇུ་ནས།།
མཐའ་མེད་འཁོར་བའི་གཡང་ས་ཀྱེ་ཧུད་ཀྱི་ཞིང་དུ།།
བདུད་བཞིའི་དགྲ་ཞབས་ཚུད་པའི་རྣམ་ཤེས་འདི་སྐྲག་གི།