འཛམ་གླིང་སྐར་རྒྱན་རྟགས་མའི་མཆོག་གྱུར་ཤོམ་པའི་འགྲན་སྡུར་ཆེན་མོ་ལས་བོད་ཀྱི་ཤོམ་པ་བཀྲ་ཤིས་ལྷ་དར་དཀར་པོ་ལ་ཨང་རིམ་དང་པོའི་བྱ་དགའ་ཐོབ་པའི་སྐོར།

འཛམ་གླིང་སྐར་རྒྱན་རྟགས་མའི་མཆོག་གྱུར་ཤོམ་པའི་འགྲན་བསྡུར་ཆེན་མོ་འདི་ཉིད་ཀྲུང་གོའི་གྲོང་ཁྱེར广州རུ་སྤེལ་ཡོད་ཅིང་། ད་རེས་ཀྱི་འགྲན་སྡུར་ཁྲོད་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཤོམ་པ་རྣམས་འགྲན་རྩོད་མཉམ་ཞུགས་བྱས་ཡོད་པ་དང་། འདི་ནི་རང་རྒྱལ་དུ་སྤེལ་བའི་ཤོམ་པའི་འགྲན་སྡུར་གྱི་བྱེད་སྒོ་ཁྲོད་ནས་ཆེས་གཞི་རྒྱ་ཆེ་ཤོས་ཤིག་ཡིན་འདུག

མཁྱེན་གསལ་ལྟར་ཐེངས་འདིའི་ཤོམ་པའི་འགྲན་སྡུར་ཁྲོད་དུ་བོད་ཀྱི་ཤོམ་པའི་འགྲན་ཞུགས་འཐུས་ཚབ་པ་ནི་ཁྱུང་པོ་སྟེང་ཆེན་ནས་ཡིན་པའི་བཀྲ་ཤིས་ལྷ་དར་དཀར་པོ་ཡིན་ཞིང་། ཁོང་གིས་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་ཤོམ་པའི་རུ་གྲལ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད།



བཀྲ་ཤིས་ལྷ་དར་དཀར་པོས་དེར་ཡོད་ལྟད་མོ་བ་ཁྲི་སྟོང་མང་པོའི་མདུན་དུ། རང་གི་ལྷན་སྐྱེས་ཀྱི་གཟུགས་བཟང་དང་། ལྷན་སྐྱེས་ཀྱི་རྫིག་ཉམས་དང་བཅས་ཏེ་སྤོབས་པ་ཆེན་པོས་བོད་རིགས་སྐྱེས་པའི་ཕོ་སྒོའི་ཉམས་འགྱུར་དང་། བོད་ཀྱི་ཆས་གོས་རིག་གནས་ཀྱི་མཛེས་རྩལ་རྔམ་སྟོན་བྱས་པ་མ་ཟད་གདོང་དམར་བོད་ཀྱི་ངོ་གདོང་དང་གཟུགས་དབྱིབས་ནི་གཞན་དང་མི་འདྲ་ཞིང་འདི་འདྲ་ཡིན་ཞེས་ངོ་སྤྲོད་བྱེད་པ་དང་མཚུངས།

བཀྲ་ཤིས་ལྷ་དར་དཀར་པོ་ནི་སྟེང་ཆེན་རྫོང་རིག་གནས་ཡུལ་སྐོར་གྱི་ཆེད་བསྐོས་རྣམ་མཚོན་གྱི་མི་སྣ་ཡིན་པས། ཁོང་གིས་ཁྱུང་པོ་སྟེང་ཆེན་གྱི་འཐུས་ཚབ་བྱེད་ནས་ཐེངས་འདིའི་འགྲན་བསྡུར་ནང་ཞུགས་ཡོད། དེ་བཞིན«སྤྱོད་བཟང་སྟེང་ཆེན། གཤིས་བཟང་ཁྱུང་པོ»ཞེས་པའི་ཁྱུང་པོ་སྟེང་ཆེན་གྱི་འགྲེམ་དེབ་བརྒྱུད་ནས། སྤུ་རྒྱལ་གངས་རི་དང་སྤུ་ཐོག་མཚོ་མོ། ཁྱུང་པོ་རི་བོ་རྩེ་དྲུག་སོགས་ཁྱུང་པོ་སྟེང་ཆེན་གྱི་ས་གཤིས་མཛེས་པ་དང་། ཁྱུང་པོ་སྟེང་ཆེན་གྱི་ཐུན་མིན་རིག་གནས་ལྷ་བྲིས་དང་ཡིག་བྲིས། རལ་པའི་ཞབས་བྲོ་གཙོས་རིག་གནས་ཀྱི་རྣམ་གྲངས་དེ་དག་གིས་ཁྱུང་པོ་ནི་ཞང་ཞང་རིག་གནས་ཀྱི་བང་མཛོད་ལྟ་བུར་གྱུར་ཡོད་པ་དང་། ས་གནས་འདིའི་ཐོན་དངོས་དབྱར་རྩྭ་དགུན་འབུ་དང་། བ་སོ་གཡང་ཏྲི་སོགས་ཁྱུང་པོ་སྟེང་ཆེན་གྱི་ཁྱད་ཆོས་ལྡན་པའི་དངོས་པོ་དང་རིག་ཚན་གྱི་རྣམས་གྲངས་ཁག་རྣམས་འགྲེམ་སྟོན་དང་ངོ་སྤྲོད་བྱས་འདུག

![]()





བྱེད་སྒོ་འདིའི་ཐོག་མའི་འགྲན་རྩོད་སྐབས་སུ་རྒྱལ་ཕྱི་ནང་གི་ཤོམ་པ་སྟོང་ཕྲག་ལས་བརྒལ་བའི་ཁྲོད་ནས་ཁོང་ཉིད་མི་གྲངས་ལྔ་བརྒྱའི་གྲལ་དུ་བདམས་ཐོན་བྱུང་བ་དང་། ཐེངས་གཉིས་པའི་སྐབས་སུ་མི་གྲངས་བཞི་ཅུའི་ནང་དུ་བདམས་ཐོན་བྱུང་། དེ་ལྟར་སྔ་རྩོད་དང་རྟིང་རྩོད་ཡང་ཡང་བྱས་པ་ལས། དཔྱད་འདེམས་དགེ་རྒན་རྣམ་པས་ཆེས་མཐོའི་གདེང་འཇོག་དང་བཅས་མཐའ་མཇུག་འགྲན་སྡུར་ལས་བོད་ཀྱི་ཤོམ་པ་བཀྲ་ཤིས་ལྷ་དར་དཀར་པོ་ལ་ཨང་རིམ་དང་པོའི་བྱ་དགའ་ཐོབ་པ་མ་ཟད་དམིགས་བསལ་གྱི༼གར་སྟེགས་གཟིགས་ཕུད་བྱ་དགའ༽ཡང་ཁོང་ལ་ཕུལ་ཡོད་འདུག



དེ་ལྟར་ཁོང་གི་བླ་ན་མེད་པའི་འབད་བརྩོན་དང་འཇོན་ཐང་ལ་བརྟེན་ནས་ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཆེ་ཁག་གཉིས་ཙམ་ཐོབ་པ་འདིས། བོད་ཀྱི་ཤོམ་པའི་རུ་གྲལ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་འཛམ་གླིང་ཁ་ཕྱོགས་ཅན་དུ་འགྱུར་ཏེ་འཕེལ་རྒྱས་ཡོང་བར་ནུས་པ་བླ་ལྷག་ཐོན་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག

