༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
དད་སེམས་ཀྱི་དགའ་སྟོན།
[རྩོམ་ཁུངས།:ཁྱུང་པོོོའིདྲྭ་བ།] [ཟླ་ཚེས།:2018-09-05] [རྩོམ་པ་པོ།:ཚུལ་ཁྲིམས་དྲི་མེད] [གཟིགས་ཐེངས:]


 uiiiiii.jpg

                                                                  

ཀྱེ་ཧོ་ངོ་མཚར་འབུམ་གྱིས་ཕྱུག་པའི་མཁའ།

གནའ་དེང་རིག་གནས་ནུབ་མེད་རྒྱུན་སྐར་ཕྲེང་།

བསྟན་འགྲོའི་དཔལ་ཁ་གསོ་བའི་ཟེར་མདངས་ཀྱིས།

མུན་གསུམ་མཐར་བསྐྲད་གཤེན་པོར་གུས་ཕྱག་འཚལ།།

 

བརྒྱ་པའི་མགོན་པོ་དམུ་རྒྱལ་སྟོན་པ་ཡི།

བརྒྱ་ཕྲག་བསྟན་མཆོག་སྲིད་པ་སྟོང་གི་བར།

བརྒྱ་སྟོང་མུ་མེད་སྐྱེ་འགྲོ་འདྲེན་པའི་གནས།

བརྒྱ་འབུམ་མཁས་གྲུབ་གཤེགས་ཤུལ་ཁྱུང་པོར་མཐོང་།།

 

ཁྱུང་དཀར་མི་རྗེ་ལྷ་ལས་བབས་ནས་གཟུངས།

ཁྱུང་དཀར་རྒྱལ་སྲིད་མངའ་ཐང་ཕྱོགས་བཅུར་རྒྱས།

ཁྱུང་དཀར་ས་ཡི་ཐིག་ལེ་བྱམས་མའི་གནས།

ཁྱུང་དཀར་འདུ་གནས་བྲག་དམར་རི་འདུས་མཐོང་།།

 

སྐྱེ་འགྲོ་སྡུག་བསྔལ་ཀློང་ནས་སྐྱོབ་ཕྱིར་དུ།

སྐྱེ་འགྲོ་རིས་མེད་སྐལ་མཉམ་འདྲེན་པའི་ཞིང་།

སྐྱེ་འགྲོ་འབྲེལ་ཐོག་བདེ་སྐྱིད་བསྐྲུན་པའི་རྨིང་།

སྐྱེ་འགྲོ་གྲངས་མེད་རྟེན་མཆོག་བསྟན་གླིང་མཐོང་།།

 

སྐྱེས་མཆོག་རིགས་ལྡན་བསླབ་གསུམ་དལ་འབབ་མཛོད།

སྐྱེས་མཆོག་བསྟན་འགྲོའི་དཔལ་མགོན་ཡིད་བཞིན་ནོར།

སྐྱེས་མཆོག་དུས་བབས་ལྔ་རིག་དར་གྱིས་ཀླུབས།

སྐྱེས་མཆོག་མཁྱེན་རབ་རྫོགས་པའི་བླ་མ་མཐོང་།།

 

དྲི་མེད་སྡོམ་པ་གསུམ་གྱི་བང་རིམ་རྩེར།

དྲི་མེད་རྣམ་པ་གསུམ་གྱི་ས་བརྟོལ་ལྗོན།

དྲི་མེད་ཆིངས་ཆེན་གསུམ་གྱི་ཕང་ཕུང་རྒྱས།

དྲི་མེད་བསླབ་གསུམ་དུད་པའི་སློབ་དཔོན་མཐོང་།།

 

གཤེན་བསྟན་མདོ་སྔགས་ཀེ་ལ་ཤ་རིའི་སྤོར།

གཤེན་བསྟན་རིག་གནས་འཛིན་པའི་ཁ་ལྔ་པ།

གཤེན་བསྟན་ཉམས་རྟོགས་མྱོང་བའི་རྩལ་ཚེན་རྫོགས།

གཤེན་བསྟན་སྲིད་མཐར་སྐྱོང་བའི་འདུས་སྡེ་མཐོང་།།

 

རབ་དཀར་དྲི་མེད་ཚད་མ་སྡེ་བདུན་གྱི།

རབ་དཀར་རྨད་འབྱུང་རིག་པའི་ལམ་གཞུང་ནས།

རབ་དཀར་མདངས་ལྡན་ནང་རིག་རྒྱལ་བའི་བསྟན།

རབ་དཀར་བསླབ་གསུམ་འཛིན་པའི་བཤད་གྲྭ་མཐོང་།།

 

ཟབ་རྒྱས་ལུང་དང་རིག་པའི་ལམ་སྟེགས་ནས།

ཟབ་རྒྱས་སྡེ་སྣོད་གསུམ་ལ་ཉམས་ལེན་གྱིས།

ཟབ་རྒྱས་རྒྱུད་སྦྱོང་སྔོན་འགྲོ་དངོས་གཞི་སྟེ།

ཟབ་རྒྱས་ཐར་ལམ་དྲུག་བརྙེས་སྒྲུབ་གྲྭ་མཐོང་།།

 

ཉམས་ལེན་དམར་མོ་གདེང་བཞི་ཁྲེགས་ཆོད་དང་།

ཉམས་རྩལ་མངོན་གྱུར་ཐོད་བརྒལ་སྣང་བ་བཞི།

ཉམས་འགྱུར་སེམས་ཀློང་མན་ངག་ཟབ་དོན་གྱི།

ཉམས་རྟོགས་དཔའ་རྩལ་རྫོགས་པའི་སྒོམ་གྲྭ་མཐོང་།།

 

ཤེས་རབ་གསུམ་གྱིས་ཕྱུག་པ་གཤེན་གྱི་སྡེ།

ཤེས་རབ་རིག་པའི་རླབས་རྩལ་མཁྱེན་ཡོན་ཅན།

ཤེས་རབ་ལྷག་བསམ་དྭངས་མ་དགོན་སྡེ་སྤྱིར།

ཤེས་རབ་གང་དགོས་སྤྱོད་པའི་གྲྭ་ཚང་མཐོང་།།

 

གསུང་རབ་རྒྱལ་བའི་ཞལ་ཚབ་སྔོ་བསངས་མ།

གསུང་རབ་ཤེས་དཔལ་རྒྱས་པའི་རྟ་ལྗང་ཅན།

གསུང་རབ་འདོད་རྒུ་འཕེལ་བའི་གཟི་འོད་ཀྱིས།

གསུང་རབ་ས་ཆེན་འགེངས་བའི་དཔེ་ཁང་མཐོང་།།

 

དད་ལྡན་བློ་རྩ་བརྟན་པ་འབངས་སྡེའི་གསེབ།

དད་པ་བཞི་ཡིས་བསྐུལ་བའི་དགེ་སྦྱོང་དང་།

དད་ཆེས་གཤེན་གྱི་སྦྱིན་པའི་བདག་པོ་སྟེ།

དད་གུས་རབ་ཏུ་དཀར་བའི་ལྷ་སྡེ་མཐོང་།།

 

དེ་ལྟའི་དངོས་སུམ་མཐོང་ལུགས་བཅུ་གཉིས་འདི།

དེ་འདྲ་ཡིན་མིན་བརྟག་པས་རླབས་རིས་ལས།

དེ་མིན་སྒྲོ་བཏགས་མེད་བསམ་བདག་ཡིད་རངས།

དེ་ལྟར་གལ་ཏེ་ནོར་འཁྲུལ་མཐོལ་བཤགས་ཞུ།།

 

ཁྱུང་གི་ཕ་ས་དཀར་པོ་ཁྱུང་ཡུལ་གྱི།

ཁྱུང་དཀར་གཡུང་དྲུང་བསྟན་གླིང་ཁྱུང་ཤུལ་ནས།

ཁྱུང་རྒྱུད་མིན་ཀྱང་རུ་ཚ་ཁྱུང་ལ་དུངས།

ཁྱུང་ཡུལ་འཚོ་བའི་ཚུལ་ཁྲིམས་དྲི་མེད་པས།།

༢༠༡༨

  




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།