
![]()
དཔོན་གསས་བླ་མའི་མཛད་འཕྲིན་ལ་ཕུལ་བའི་ཤིས་ཚིག།
སྟག་ཚ་ཀུན་བཟང་ལྷུན་གྲུབ།
རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་མཁན་རྒྱལ་གཤེན་བསྟན་པའི་སྒྲོན་མེ་ཞིག
གཡུང་དྲུང་བོན་བསྟན་རུ་དར་བསྒྲེངས་ནས་སེམས་ཅན་བདེ་བའི་རྒྱ་མཚོ་སྐྱིལ།
རིགས་བཟང་ཨ་ཤག་ཚང་གི་གདུང་ལས་སྐུ་མཚན་མེ་ཏོག་ཝལ་གྱིས་བཞད།
ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བླ་རབས་ཉེར་བདུན་ཨེ་མ་ཧོ།།
རྣམ་མཁྱེན་རྒྱལ་བའི་བོན་བསྟན་འདི་ལ་བཀའ་དྲིན་ཆེ་བའི་ནོར་བུ་ཞིག
རྣམ་མང་འགྲོ་བར་ཕན་བདེ་བསྐྲུན་པའི་རྣམ་དག་བསྟན་འཛིན་སྐྱེས་བུ་ཞིག།
རྣམ་ཀུན་མཁྱེན་བརྩེའི་ནུས་སྟོབས་ལྡན་པའི་ལྷག་བསམ་དཀར་བའི་ཨ་མའི་བུ།
རྣམ་མཁྱེན་རྒྱལ་བའི་ཐུགས་གསས་ཁྱེད་ནི་གཡུང་དྲུང་བོན་གྱི་ལྷ་ཕྲུག་ཡིན།།
བོན་བསྟན་འདི་ལ་དགོས་མཁོ་ཆེ་བའི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་བཙུགས།
བོན་དགོན་ཤར་ནུབ་ཀུན་ཏུ་བྱོན་ནས་བཀའ་དང་བཀའ་བརྟེན་བསྡུ་རུབ་མཛད།
བོན་གྱི་བཀའ་བརྟེན་དཔེ་རྙིང་དུ་མ་བཤིབ་བསྡུར་ཇི་མ་ཇི་བཞིན་གནང་།
བོན་པོ་ཚང་གི་བཀའ་དང་བཀའ་བརྟེན་འཛམ་གླིང་ཞིང་ཁམས་ཀུན་ཏུ་སྤེལ།།
རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་ནས་བཀའ་བརྟེན་དཔེ་རྙིང་འོད་འཁྱུག་འཁྱུག
མཚོ་ཆེན་ལྟར་གྱི་ཟད་པ་མེད་པ་ཤར་རྫའི་གསུང་འབུམ་དཔར་བསྐྲུན་གནང་།།
ནོར་བུ་ནང་ནས་མཆོག་ཏུ་གྱུར་པ་སྒོ་བཞི་མཛོད་ལྔའི་དེབ་གཟུགས་དཔར།།
བུ་སློབ་ཚོ་ལ་ཕན་ཐོགས་ཆེ་བའི་ཡོངས་འཛིན་ཚུལ་རྒྱན་གསུང་འབུམ་བསྐྲུན།།
འོད་གསལ་ལྷ་ཡི་གསས་ཁང་བཞེངས་ནས་བཤད་སྒྲུབ་བསྟན་པའི་སྒོ་ཆེན་ཕྱེས།།
ཉི་ཟེར་ལྟ་བུའི་སློབ་ཕྲུག་ཚོ་ལ་བདེ་སྐྱིད་ལྡན་པའི་ཁང་བཟང་བསྐྲུན།།
སྦྱིན་པ་ནང་ནས་མཆོག་ཏུ་གྱུར་པ་བོན་སྦྱིན་གནང་བའི་ཕྱག་ཟུང་ཡང་།།
དོན་དང་ལྡན་པའི་ཞིང་ཁམས་འདི་ནས་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ།།
མུན་པ་ཀུན་གསལ་མཁྱེན་པའི་བདག་ཉིད་འགྲོ་བ་ཐར་པའི་བདེ་ལ་བཀོད།།
སེལ་བའི་ནད་གདོན་བག་ཆགས་ཀུན་དག་འགྲོ་བ་འདྲེན་པའི་སྟོན་པ་ཁྱེད།།
སྒྲོན་མེ་སྤར་ནས་སེམས་ཅན་ཚོ་ལ་བདེ་སྐྱིད་ལྡན་པའི་ཞིང་ཁམས་བསྐྲུན།།
མེ་ཏོག་ནང་ནས་མཆོག་ཏུ་གྱུར་པ་ཨུ་དུམ་ཝ་རའི་མཚན་དཔེ་རྫོགས།།
ཁྱེད་ནི་ཁྱུང་ཡུལ་སྒྲོན་མེ་ཡིན་ཞིང་གཡུང་དྲུང་བོན་གྱི་དྲིན་ཆེན་ཡིན།།
ཁྱེད་ནི་དོན་གྱི་བླ་མ་ཡིན་ཞིང་བླ་མའི་མིང་དོན་ཁྱེད་ལ་ཚང་།།
ཁྱེད་ནི་རྒྱ་མཚོའི་ནོར་བུ་ཡིན་ཞིང་དགོས་འདོན་ཀུན་འབྱུང་གཙུག་གི་རྒྱན།།
ཁྱེད་ཀྱི་མཛད་འཕྲིན་འཁོར་བ་མ་སྟོང་བར་དུ་བརྟན་པའི་སྨོན་ལམ་འདེབས།།
ཁྱེད་ནི་བོན་བསྟན་ལྷ་དཀར་ཡིན་ཞིང་ལྷ་སྡེ་རྣམ་པའི་བསོད་ནམས་ཡིན།
ཁྱེད་ནི་བུ་ངའི་སེམས་དཔའ་ཡིན་ཞིང་སེམས་དཔའ་ནང་གི་སེམས་དཔའ་ཡིན།།
ཁྱེད་ནི་བུ་ངའི་དྲིན་ཆེན་ཡིན་ཞིང་དྲིན་ཆེན་ནང་གི་དྲིན་ཆེན་ཡིན།།
ཁྱེད་ནི་ང་ཚོའི་སྙིང་ནོར་ཡིན་ཞིང་དོན་གྱི་སྙིང་ནོར་ངོ་མ་ཡིན།།