༈ ང་དང་བཅས་པའི་ཚུལ་འཆོས་ཀྱི་གཟན་ཤམ་གོན་པའི་མགོ་ཟླུམ་ཚོ། ཤི་གསོན་དགུ་སྟོང་དགུ་བརྒྱའི་རིམ་གྲོ་དང་བསྔོ་སྨོན་དུ་ཕུལ་བའི་དངུལ་སྨར་དེ་ཚོ་ཤ་ཚ་ཡི་ཚིག་གཅིག་མེད་པའི་ཐོག ལོས་དགོས། ལོས་ཟ། ཉུང་གདའ་བསམ་པའི་འཁོན་ར་དང་ཟ་སེམས་ཀྱིས་ཁེངས་པའི་ང་ལྟ་བུའི་གྲྭ་ཇོ་འུར་སྒྲ་ཅན་དང་། སྣང་བ་ཅན། རྣམ་རྟོག་ཅན། སྐྱེས་ཆེན་མྱིང་ཆེ་བ་ཞིག་གི་ཡང་སྲིད་དང་། ཡང་སྤྲུལ་ཞེས་དར་ཟབ་སྦུགས་སུ་དགའ་འགྲིལ་རྒྱོབ་པའི་སྤྲུལ་སྐུ་དང་མཁའ་འགྲོ་ཤ་རྨེ་ཅན། མཚན་དཔེ་ཅན། ཤ་ལོ་ཅན། རྒྱུ་ལོ་ཅན། ད་དུང་མི་སེར་རྣམས་ཀྱིས་དུས་བཞིའི་དཀའ་སྡུག་ཁྲོད་ནས། སེན་རྩ་རྣག་དང་སེམ་མགོ་ཁྲག་གིས་བསྒྲུགས་པའི་དངུལ་དམར་དེ་ཚོ་གོན་སྔས་བཏིང་གསུམ་བྱས་པའི་བླ་མ་རྒྱུ་ཤེ་ཅན། མཁན་པོ་ཚུལ་འཆོས་ཅན། མཁན་མོ་ཤ་མཚོན་ཅན་ཚོའི་སྙན་དབང་གསེར་གྱི་ཁུང་བུ་རུ་ཚིག་འགའ་བསྟབས་པ་ལ། ང་དང་ཁྱེད་ཚོ་ནི་རྨ་བྱ་འགྲོ་འགྲོ ཁྲུང་ཁྲུང་འགྲོ་འགྲོ་བྱས། གཞུང་ལུགས་ལ་ལོ་མང་པོར་ལྟ་རྟོགས་བྱེད་པའི་ཁུལ་ཡིན་ཡང་། དགོས་པའི་ཤེས་ཡོན་དང་ལྷག་བསམ། སྤྱི་སེམས་དང་ཕན་ཐོགས་པའི་བྱ་བ་སྣ་གཅིག་ཕལ་ཆེར་མ་ལོབ། མི་དགོས་པའི་ཞེ་སྡང་མེ་འབར་འབར། འདོད་ཆགས་ཆུ་ཁོལ་ཁོལ། གཏི་མུག་མུན་གཏིབས་གཏིབས་སོགས་དུག་ལྔ་ཇེ་རྒོད། དགོས་རྒྱུ་ཇེ་འབེལ། ལས་རྒྱུ་ཇེ་ཆེ། དྲན་རྒྱུ་ཇེ་མང་། རྣམ་རྟོག་ཁ་ལ་རྣམ་རྟོག་འཁྲུག ད་དུང་ས་མཐའ་ས་མཐའ་ཞིག་ནས་རང་གི་བུ་དང་བུ་མོ་ཚོ་སློབ་སྦྱོང་ལ་བུད་སོང་ཐེས། སློབ་སྦྱོང་བྱེད་འོངས་ཤུ་འོད། ཤེས་ཡོན་ལོབ་འོངས་ཤུ་འོད་བསམ་པའི་རེ་བ་སྤར་གང་རུམ་དུ་ཉར་ནས། ནམ་ཡར་ལངས་མུན་མར་རུག ངའི་བུ་ཕྲུག་ཚོ་ཕོ་ཚར་ཐེས། དགེ་བ་ལམ་ལ་ཞུགས་པར་ཤོག ལམ་ལ་བར་ཆོད་མེད་པར་ཤོག ལམ་མཐར་ཕྱིན་པར་ཤོག་བསམ་པའི་བློ་རྩེ་གཉིས་མེད་པར་གསོལ་བ་འདེབས་པའི་ཕ་མ་བཀའ་དྲིན་ཅན་དེ་ཚོའི་རེ་བ་ཆུ་རུ་གཡུགས། ས་ལ་སྦས། མེ་རུ་བསྲེགས། ཀྱེ་མ་ཀྱེ་ཧུད། ང་དང་ཁྱོད་ཚོ་ནི་རི་གྱོང་མགོ་རུ་འཁྱམས་བསྡད་པའི་འབྲི་ངན་མ་གཅིག་གི་རིན་ཐང་སྡུག འབྲི་དེ་ཡིན་བཤའ་ལོ་རེད། ཤ་ཟ་ཁྲག་མཐུང་འབྲི་ཀོ་བཙོང་ཆོགས་རེད། ཁྱོད་དང་ང་ཚོ་ནི་བཤའ་ནི་མི་ལོ། བཙོང་ནི་མི་ལོ། གསོ་རྒྱུ་ལྷག་མ། གཡོག་རྒྱུ་ལྷག་མ། དགོན་ལ་བསྡད་ན་སྒྲིག་དང་འགལ། ཁྱིམ་དུ་བསྡད་ན་བཟའ་ཚང་འཁྲུག ཁྲོམ་དུ་སོང་ན་ཁ་མདའ་ཕོག དཱ་ང་ཚོ་ལ་མི་ཡི་བསམ་བློ་ཡོད་ན། མི་ཡི་ཀླད་པ་ཡོད་ན། ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཐ་ན་མ་ཏྲི་གཅིག་དང་། ཨ་དཀར་གཅིག་ཡིན་ན་ཁྱོད་དང་ང་ཚོ་གཅིག་པུར་མ་ཡིན་པར། ང་ཚོ་ནང་བཞིན་ཚ་ན་གཟེར་སྡུག་ཡོད་མཁན་གྱི་ཉམ་ཆུང་དུད་འགྲོ་ཚོ་དང་། མགོ་སེ་ནག་བུངས་སེ། ལག་ཟུང་ཁྲ་མ་འདྲུས་རེད་པའི་རྒད་པོ་རྒད་མོ་ཚོ་ལ་བསམ་བློ་རེ་གཏང་རོགས། མགོ་རྣ་ཐལ་ལ་མ་གཡུག་རོགས། སྐུ་ཆེ། ད་དུང་ཚད་མ་རིག་པའི་ལྷས་ར་ནས་བརྒལ་ཞིང་བསྡུས་རྟགས་ཚད་གསུམ་ལ་ཅུང་རྣ་འདྲིས་དང་ཁ་བྱང་ཁུར་བའི་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་ཚོར། ཁྱེད་རྣམ་པས་ཐེན་གཟན་ཆུ་རིས་མི་ཆགས་པ་ཞིག་གྱོན། རྡོ་ཤེལ་ནག་པོ་ཞིག་ཐོད་དུ་གཟར་ནས“གདན་ཐོག་ཏུ་བཞུགས། སྡེར་ཐོག་ཏུ་བསྙབས”ནས་ཁ་ཡིས་སྐད་ཆ་རྫིག་པོ་རེ་བཤད་ནས་ཤ་མ་ཟ་སེམས་ཅན་ཐམས་ཅད་ཕ་མ་བྱས་པ་དང་མ་མ་བྱས་པ་མེད། ཤ་སྤོངས། ཤ་གསོལ་ན་སྲོག་ལེན་ལྔ་བརྒྱ་རེ་འཇལ་དགོས་རེད་ཟེར། ངན་སོང་གསུམ་གང་རུང་ལ་སྐྱེ་འགྲོ་རེད། དམྱལ་བར་སྐྱེ་འགྲོ་རེད་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་མྱོང་དགོ་རེད། ཡི་དྭགས་སྐྱེ་འགྲོ་རེད་ཡི་དྭགས་སྐྱེ་སོང་ན་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དགོས་ཀྱི་རེད། བྱོལ་སོང་སྐྱེ་འགྲོ་རེད་བྱོལ་སོང་སྐྱེ་སོང་ན་གླེན་ལྐུགས་ཀྱི་སྡུག་བསྔལ་མྱོང་དགོས་རེད་ཅེས། སྡིགས་ར་དང་འཇིགས་བསྐུལ་བྱས་པ་ཉུང་ག་ལ་ཡིན། ཁྱེད་ཚོ་ནི་ཁྲི་མཐོན་པོའི་ཁ་ལ་བཞུགས། ཁ་མར་ཁུ་ནང་ཟུབ། ཤ་ཟ་ཤ་ཁུ་མཐུང་། ཤ་མོག་སུར་པན་ལ་བཏུག་དུས་ཁྱོད་ཚོའི་དྲན་ཤེས་ཀྱི་ངོགས་ལ་མ་ཏྲི་ཚིག་གཅིག་འདོན་བསམ་པའི་བློ་ཞིག་སྐྱེ་རྒྱུ་མེད་པ་ནི་གཏི་མུག་ཕག་པ་ཞིག་གི་སྡུག དེ་འདྲ་ཤ་ཚ་བ་ཞིག་དང་ཐབས་རྡུགས་པོ་ཞིག་རེད་ཨང་། བཟའ་རྒྱུའི་སེམས་ཅན་དེ་ཚོ་ཕ་མ་མ་བྱས་པ་དང་སྲོག་ལེན་འཇལ་མི་དགོས་པ་ཅི་རེད། དེ་ནི་གཞན་གང་ཡང་མ་རེད། ཁྱོད་དང་ང་ཚོའི་རང་ཁྲིམས་རང་གི་མ་སྲུང་པ་རེད་ལ། གཞུང་ལུགས་ཚིག་འདེད་རེད། ཁ་བཤད་ཆུ་ཡི་ལྦུ་བ་འདོམ་པ་ནས་འདོམ་པར་འཐེན་སོང་བ་རེད་ལ། གཡག་ཞར་ར་ཞིག་གི་རྩྭ་ཟོས་པ་ལས་སྡུག་པ་རེད། ང་ཁྱེད་ཚོའི་གསོལ་བཞིན་པའི་ཤ་ཚོད་པོ་དང་རྒྱུ་མ་སྣུམ་པོ་དེ་ཚོ་ས་ནས་སྐྱེས་པ་མ་རེད་ལ་གནམ་ནས་བབས་པ་གང་ལ་ཡིན། དེ་ནི་ང་ཚོ་ལྟ་བུ་ཚོར་བ་བདེ་སྡུག་ཡོད་མཁན་དང་། ཁབ་བཙུག་ན་ཚ་མཁན། རྡོ་རྒྱེབ་ན་ན་མཁན་ཡོད་ཐོ་གི ཨ་མ་རྒད་མོའི་ཤ་རེད་ལ་ཨ་མ་རྒད་མོའི་རང་ཁྲག་དང་རྒྱུ་མ་རེད། ད་དུང་ཧ་ཧ་ཧེ་ཧེའི་ངང་ནས་ཞིམ་ཞིམ་དང་མངར་མངར་གྱིས་བཞེས། ཡ་ང་གལ་སྲིད་འདྲེ་ཞེས་པ་དང་། གདོན་ཞེས་པ། སྲིན་པོ་ཞེས་པ་གཅིག་ཡོད་ན་ང་དང་ཁྱོད་དང་ང་ཚོ་མ་གཏོགས། གཞན་ཞིག་ན་ཁ་བསྒྲད་མིག་བསྒྲད་ཅན་ཞིག་མེད་པ་མིག་མཐོང་ལག་ཟིན་གྱི་དཔེ་ལས་མ་འདས། རྣམ་རྟོག་འདུ་འཛིའི་ནགས་ཁྲོད་དུ་ཤོར་ཞིང་། སྤྱན་ཟུང་གི་ལན་ཀ་རུ་སྒྲོ་ལོ་ཉམས་སུ་ཤར་བའི་མོ་པ་དང་པྲ་པ་ཚོ། ཁྱོད་ཚོའི་མོ་བཏབ་བཏབ་ཉིད་ཀྱིས་ཕྲེང་བ་ཟད། ཕྲེང་ཐག་ཆད། མཐེ་མགོ་བུག མོ་བཏབ་པའི་འབྲས་བུ་ལ། སྲོག་རྩ་ཆད་རན་གདའ་ཚེ་སྒྲུབ་ཐོནད། ཉེའུ་འདོན་གྱིས། རླུང་རྟ་གཏོར་ཅེས་པའི་ཚིག་འབྲུ་དེ་ཚོ་རྐྱང་རྐྱང་གིས་ཁ་ཤ་སྲབ་ཡོད་རེད་ལ་གྲེ་བ་འགག་ཡོད་རེད། དཱ་མང་ཚོགས་དད་གུས་ཅན་དེ་ཚོས་ཚེ་སྒྲུབ་བཏང་བཏང་ཉིད་ཁ་ཤ་བུག་འོད་ས་འོད་རྟགས། སྲོག་བླུ་ཐུབ་མི་འདུག་ལ། ཉེའུ་བཏང་བཏང་ཉིད་མཚོ་ཆེན་བཞི་ཡི་ཉ་མོ་སྟོང་ལ་ཉེ་ཡོད། རླུང་རྟ་གཏོར་གཏོར་ཉིད་རི་དང་ལུང་པ། འགྲོ་ས་དང་འདུག་ས། ཆུ་དང་ཟམ་འོག་ཚང་མ་རླུང་རྟས་ཁྱབ་འདུག དཱ་དེ་ཚོ་དགེ་བ་སྒྲུབ་པ་ལས་སྡིག་པ་བསགས་པ་མང་བ་ནི་དངོས་གནས་ཚུལ་རེད། ཁྱོད་ཚོ་ལ་མོ་ཡིག་ཅེས་པའི་ཆོ་ག་ཞིག་ཡོད་དམ། ཡང་ན་གང་དྲན་དྲན་དང་། ཅི་འཕྲོས་འཕྲོས་ཀྱིས་འབངས་སྡེ་ཕྱག་རྒྱ་ཅན་དེ་ཚོ་མགོ་གཡོགས་འཇོག་ལེ། ཁྱོད་ཚོའི་མོ་ཡིག་ནང་དུ་ལོ་ན་ཆེ་ཆུང་མེད་པར་ཉམས་ལེན་སྐྱོང་བ་དང་། ལམ་རིམ་ལ་སློབ་སྦྱོང་བྱེད་དགོས་པ་དང་། སུམ་རྟགས་དག་གསུམ་བསླབ་དགོས་པ་དང་། སློབ་གྲྭ་སོང་དཔེ་ཀློག་གྱིས་ཅེས་པའི་ཚིག་དེ་ཚོ་ཁྱོད་ཚོའི་མོ་ཡིག་ནང་དུ་གསར་དུ་འབྲི་དགོས་འདུག མོ་ཡིག་རྙིང་པ་བཞག་ནས་གསར་པ་བེད་སྤྱད་རོགས་མ་གཏོགས། ཁོར་ཡུག་ལ་འབག་བཙོག་བཟོ་གི་འདུག་ལ། ཤེས་རིག་གི་རྗེས་ལུས་ཐེབས་ཀྱི་འདུག སྲོལ་རྒྱུན་གྱི་དྲི་མ་ཡལ་འགྲོ་འདུག ད་མ་གཡེལ། མདོར་བསྡུས་ན། གཅིག་ཤ་གཅིག་གིས་མི་ཟ་རོགས། ཚེ་སྲོག་འདྲ་མཉམ་བྱེད་རོགས། ཁོར་ཡུག་དེ་ཤེལ་དཔལ་ཅན་བསྒྱུར་རོགས། ཞི་བདེ་ཅན་དུ་བསྐྲུན་རོགས། འཆམ་མཐུན་ཅན་ཞིག་ཏུ་འཛུགས་རོགས། སློབ་གསོ་ཅན་དུ་འགྱུར་ཐུབ་པར་བྱ་རོགས། ང་དང་བཅས་པའི་འགོ་བླ་མ་ནས་མཇུག་ཇོ་མོའི་བར་དུ་ཚང་མ་རེ་བ་ཡིན་ལ་བསམ་ཚུལ་ཡིན། རྣམ་རྟོག་གི་ཡིག་འབྲུ་གསོན་པོ་ཡིན་དྲྭ་འབུ་ཆ་ག །
2018 7 18 མ་ཡུམ་གླིང་དུ།