༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
གཙུག་རྒྱན་འཕྲིན་ལས་ཉི་མ་སེམས་ཀྱིས་མཆོད།
[རྩོམ་ཁུངས།:ཁྱུང་པོོའི་དྲྭ་བ།] [ཟླ་ཚེས།:2018-07-17] [རྩོམ་པ་པོ།:ཁྱུང་བསོད་བློ།] [གཟིགས་ཐེངས:]

 

གཙུག་རྒྱན་འཕྲིན་ལས་ཉི་མ་སེམས་ཀྱིས་མཆོད།

 

ཁྱུང་བསོད་བློ།

 

    ཉི་ཟླས་ས་ཆེན་གསལ་བའི་དུས་ཚིགས་སུ།

ཐུགས་རྗེའི་གཞའ་ཚོན་བཀྲ་བའི་འོད་གུར་ནང་།

མི་འཇིག་གདོང་ལྔས་བཏེགས་པའི་ཁྲི་འཕང་ལ།

གཤེན་རབ་དགྱེས་ཞལ་འཛུམ་པའི་ཉི་མ་ཤར།

 

སྣ་ཚོགས་པད་མོ་བཀྲ་བའི་དབྱར་གཞུང་དང་།

བོན་འབངས་སྐྱིད་ཀྱིས་འཛུམས་པའི་སྒལ་གཞུང་ནས།

སྙིང་རྗེ་ཁ་ཞེང་ཆེ་བའི་སེམས་དཔའ་ཡི།

བྱིན་རླབས་རྒྱུན་ཆད་མེད་པའི་ཆར་ཆེན་འབྲུག

 

མཁས་གྲུབ་ཁྱུང་ཆེན་འཕུར་བའི་མཁའ་ལམ་ནས།

རླབས་ཀྱིས་ཤེས་བྱ་རིག་པའི་རྒྱལ་ཁམས་བསྐོར།

ལྷ་དང་སློབ་དཔོན་སྟོང་གི་སྐུ་དྲུང་བཅར།

གདམས་ངག་གསེར་སྐྱོགས་བཅུ་གསུམ་ཁྱེད་ཀྱིས་བཞེས།

 

བདེན་རྫུན་ཡང་ལྕི་གཤེར་བའི་སྲང་ཁ་དང་།

གསེར་དང་རག་གན་བསྡུར་བའི་བདེན་ས་ནས།

མང་ཐོས་ཆོ་ལོ་རྩེད་པའི་སྐབས་བྱུང་ན།

བརྒྱ་ལས་གཅིག་གིས་ཆོག་པ་ཁྱེད་ཉིད་ཙམ།

 

པོད་ཀྱི་གཞི་ལམ་འབྲས་བུའི་མཚེར་ས་ནས།

གནད་ཀྱི་གོ་དོན་རིགས་པའི་རྒྱ་མཚོ་འཁྱིལ།

ཉམས་ཀྱི་ལྷ་སྐུ་བཞེངས་པའི་བཀོད་པ་ལ།

དོན་གྱི་ཡང་རྩེ་སོན་པའི་སེམས་དཔའ་མཛད།

 

མངོན་ཤེས་རྫུན་མས་གདུལ་བྱ་མ་བསྐྱངས་ལ།

གྲུབ་རྟགས་སྨྱོན་པས་ཟློས་གར་མ་འཁྲབ་པའི།

འཕགས་ཡུལ་གྲྭ་ས་གོང་མའི་གྲལ་ཀ་ནས།

དཀར་ནག་ཚངས་ཐིག་ཕོག་པའི་དྲང་སྲོང་ཁྱེད།

 

སྨག་གི་རྡུལ་རླངས་འཁྲིགས་པའི་རི་ཁུགས་སུ།

རྫུན་རྟགས་བྲག་ལ་བྲིས་པའི་འཁྲབ་སྟོན་མེད།

དན་རྟགས་དཔྱད་གསུམ་ཚད་མའི་སྲང་ཁ་ནས།

བཀའ་ལུང་བདེན་དོན་བཙལ་བའི་དཔང་རྟགས་ཆེ།

 

བོན་སྒོར་ཞུགས་ཙམ་ཉིད་ནས་གྲོལ་མཁན་དང་།

གནས་ལུགས་སྒོ་ཙམ་མཐོང་ནས་འཁྲུལ་མཁན་མིན།

གཞུང་ལུགས་གདམས་པ་ཤར་བའི་སྐལ་བཟང་ལ།

ཉམས་ལེན་དབྱར་ཤེ་རྒྱས་ནས་གྲོལ་མཁན་ཁྱེད།

 

ཕྱྭ་ཡི་ཆབ་ནག་སྲིད་པའི་གྱེར་སྒོ་བཙན།

མདོ་ཡི་ཕར་ཕྱིན་ཐེག་པའི་དགོངས་པ་བཙུན།

རླབས་ཀྱི་ཆབ་དཀར་གསང་བའི་མན་ངག་ཚ།

གཅིག་ཆོག་ཡང་རྩེ་ཐེག་པའི་དེད་དཔོན་ཁྱེད།

 

པོད་ཀྱི་ཡིག་འབྲུ་བཀྲ་བའི་དབྱིག་ནོར་གྱི།

གངས་ཀྱི་ཆུ་བཞི་འབྲུག་པའི་རླབས་རྒྱུན་ལས།

བདུད་རྩི་ཆབ་ཀྱིས་དྲངས་པའི་གདམས་ངག་གིས།

བུ་སློབ་སེམས་ཀྱི་གསང་གུར་ཁྱེད་ཀྱིས་བརླན།

 

ཇུས་ཀྱི་ཡང་སྲིད་ཐག་པས་མ་འཐེན་ལ།

གཉའ་ཡི་ལྟག་སྒོ་ནང་དུ་མ་རྒྱུགས་པའི།

ཡང་རྩེ་སྨན་རི་ཚང་གི་གསེར་གྲལ་ནས།

སྐུ་ཚེ་དཔེ་དོན་བཙལ་ནས་ཁྱེད་ཉིད་རྒྱལ།

 

སྡོང་གྲོགས་ང་ཚོས་ཞུ་བའི་འབོད་བརྡ་ཡིས།

སྐྱབས་འཇུག་ཁྱེད་ཀྱིས་མཛད་པའི་རྣམ་ཐར་དང་།

ཐུགས་རྗེས་གདུལ་བྱ་བསྐྱངས་བའི་ལེའུ་ནང་།

དད་པས་ས་རྡོ་བངས་བའི་ལོ་རྒྱུས་སྲིད།

 

ཚུལ་ཁྲིམས་དཔག་བསམ་ལྗོན་པའི་སྐྱེ་ཚལ་གྱི།

ཏིང་འཛིན་རི་བོ་ཆེན་པོའི་བྲང་ཁ་ནས།

འོད་ཆེན་ཤེས་རབ་གསལ་བའི་བླ་མ་ལགས།

མཛད་ཆེན་གདུལ་བྱ་བསྐྱང་ལ་གཡེང་བ་མེད།

 

ལྟ་བ་ནམ་མཁའ་འདྲ་བའི་ཀློང་ཆེན་ནས།

སྒོམ་པ་བྱ་རྒྱལ་འདྲ་བའི་གཤོག་རླབས་རྒྱས།

སྤྱོད་པ་ཚུལ་ཁྲིམས་བཙོ་མ་གསེར་མདོག་གི

ཉིས་བརྒྱ་ལྔ་བཅུའི་འོད་ཟེར་ཡོངས་ལ་ཁྱབ།

 

སྐུ་ཚེ་ཐར་པ་སྒྲུབ་ལ་ཞུམ་པ་མེད།

བསྟན་དོན་འཛིན་སྐྱོང་སྤེལ་ལ་ངལ་བ་མེད།

གསུང་རབ་ཕྱག་གིས་གཅེས་ལ་ཐབས་མཁས་པའི།

བོན་འབངས་འགྲོ་བ་སྟོང་གི་སྐྱབས་གནས་ཁྱེད།

 

བསླབ་གསུམ་སྒར་གཞིས་བཏབས་པའི་མཚེར་ས་དང་།

ངུར་སྨྲིག་སྐར་ཚོགས་བཀྲ་བའི་ཁྱུ་ཚོགས་ནས།

ཉིང་ཁུ་བཀའ་ལུང་རིག་པའི་འོ་མ་ཡིས།

གཤེན་གྱི་དཔུང་སྡེ་གསོ་བའི་ཨ་མ་ཡིན།

 

འཆད་ལ་སྡེ་སྣོད་སྟོང་གི་རྒྱ་མཚོ་འཁྱིལ།

རྩོད་ལ་ལུང་རིགས་ཁྲི་ཡི་མདའ་མདུང་རྣོ།

རྩོམ་ལ་ཤེས་རབ་འབུམ་གྱི་གཏིང་མཐའ་མཐུག

འཆད་རྩོད་གཡུ་རལ་སྤུངས་པའི་སེང་ཆེན་ཁྱེད།

 

མི་ཤེས་རྨོངས་པ་འདུས་པའི་སྨག་ནག་ནང་།

དབུ་ལོ་ལྟག་རྒྱབ་གཡུག་པའི་གར་སྟབས་འོག

ང་བོས་གཟུར་འགྲོས་འཐེན་ནས་འབྱོན་མྱངས་མེད།

བྱམས་བརྩེའི་ཆར་རྒྱུན་འབྲུག་བཞིན་ཁྱེད་ཉིད་འབྱོན།

 

ཡུད་ཙམ་བསྟན་འགྲོའི་ཕྱག་ལེན་མ་མྱངས་བའི།

དཀར་ལོ་རྐུབ་ཤ་བརྒྱགས་པའི་གསོས་ཕག་གསེབ།

སྐད་ཅིག་ཙམ་ལ་རྒྱས་སྤྲོས་བྱས་མ་མྱངས།

ཁྱེད་ཉིད་གཙུག་ཕུད་དྲང་སྲོང་དཔེ་ཆ་བ།

 

སྐུ་ལ་རྡུལ་དང་ཐལ་སྐྱ་མ་བྱུགས་ལ།

གསུང་ལ་དཔེ་ཆའི་ཟབ་དོན་མ་བརྗེད་པའི།

ཐུགས་ལ་དཀར་ཆ་ཆེ་བའི་སེམས་དཔའ་ཁྱེད།

འཚོ་བ་ངན་ངོན་ཙམ་གྱིས་སྐུ་ཚེ་བསྐྱེལ།

 

ཁྱེད་སྐུ་གསེར་ཞལ་མཇལ་བའི་ཉི་མ་ལ།

ཁོ་བོའི་མགོ་དང་ཡན་ལག་དགའ་བས་སྦྲིད།

བདག་ཡིད་སེམས་ཀྱི་གུར་ཁང་སྤྲོ་བས་བཟི།

ཁྲ་ཆུང་མིག་ལ་ཤར་ཚད་དད་ཡུལ་གྱུར།

 

ཁྱེད་སྐུ་རི་རྒྱལ་བཞིན་དུ་བརྟན་པའི་ངང་།

ཁྱེད་གསུང་གཡུ་འབྲུག་བཞིན་དུ་གྲགས་པར་ཤོག

ཁྱེད་ཐུགས་གངས་རི་བཞིན་དུ་དཀར་བའི་ངང་།

འགྱུར་མེད་བསྐལ་བརྒྱའི་ཁྲི་ལ་བཞུགས་པར་ཤོག

 

སྤྱི་ལོ/༢༠༡༨//༡༧/ཉིན་མོར་ཁྱུང་ནག་བསམ་གཏན་གླིང་གི་གསས་ཁང་/བ་རབས་ཡོངས་འདུལ་/ནས་དགའ་དད་སྤྲོ་བས་བརྟས་བཞིན་ཤར་ཤར་བྲིས་སོ།།

 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།