༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
རི་ཉུལ་གྱི་ཟིན་ཐོ།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2018-07-14] [རྩོམ་པ་པོ།:ཁྲི་རིག་པའི་མདའ།] [གཟིགས་ཐེངས:]

QQ图片20180714120631.jpg

     1  ས་སྲོད་ཀྱི་མུན་པའི་རས་ནག་དེ་དལ་གྱིས་བཀྱག་སྟེ་མུ་མེད་ཤར་གྱི་རི་མཐའ་ནས་ཁྱུང་སྔོན་སྐྱེས་ཀྱི་ཟུར་མིག་དེ་རི་ལུང་ཐང་གསུམ་ལ་འཕེན་འགོ་འཛུགས། དུས་དེར་ཞོགས་ཀའི་ཟིལ་པ་ཁུར་བའི་དཀར་དམར་གྱི་མེ་ཏོག་དང་ཀྱུར་ཀྱུར་དུ་གྲག་འོང་བའི་བྱ་དང་བྱིའུའི་གསུང་སྙན། ད་དུང་ཆར་སྨུག་ཁྲོད་དུ་བརྗིད་ཆགས་ཀྱིས་འགྱིང་པའི་བདག་གི་ཕ་ཡུལ"གསེར་གཡུ་མདོ"ནི་ལྡོང་མདོ་ཚང་གི་པིར་གྱིས་མ་བྲིས་ཀྱང་བྲིས་པ་བརྒྱ་ཡི་དགའ་བའི་བཀོད་པ་ཕུན་སུམ་ཚོགས་ཞིང་ལྟ་ན་སྡུག དེའི་ནང་བཅུད་དུ་བཤམས་པའི་གཡས་གཡོན་ནས་ཤུགས་དང་ངར་གྱིས་དྲག་ཏུ་མཐུར་ལ་རྒྱུག་པའི་ག་ཆུ་དང་རི་ཆུའི་དཔའ་སྟོབས། ལྗོངས་མདོག་གི་ཞིང་ཁའི་ནང་མ་རིང་མ་ཐུང་བའི་གྲལ་ལ་མཉམ་པའི་སྙེ་མའི་ཚོགས་ཀྱང་མདོངས་དྲིལ་དེ་མགོ་བོ་ལྕོག་ལྕོག་གིས་གཡོ་བཞིན་བདག་ལ་བསུ་མ་བྱེད་པ་དང་ཨ་ན་མ་ན་རེད། དེ་བཞིན་ཞིང་པ་ཕོ་མོ་རྣམས་ཀྱི་ཞིང་མུ་རྩྭ་འཐུ་བའི་བརྔ་བསྡུ་འཕྲུལ་ཆས་ཀྱིས་སྐད་སྒྲ་ཡང་བདག་གི་སྒྲ་འཛིན་ཤ་ཡི་བུ་ག་རུ་ཤུགས་ཀྱིས་འཛུལ་འོང་གིན་འདུག ད་དུང་ག་ཆུའི་འགྲམ་ངོགས་སུ་ཚར་དུ་དངར་བའི་དེང་རབས་ཨར་འདམ་གྱི་ཁང་པ་སོགས་མང་ལ་འཁྲུག་ཆ་དོད་པ། གཙང་ལ་རུ་ཕྲེང་འགྲིག་པ། ད་དུང་རི་འདན་དང་ཞེང་ཁའི་མུ་འགྲམ་དུ་བཀྲམ་པའི་རྟ་ནོར་སོགས་རིམ་བཞིན་མིག་གི་ལན་ཀ་རུ་ཤར་འོང་། དེ་ནས་ངས་ལམ་སང་ཁ་ངོ་གཅིག་བཀྲུས། དེམ་སྣུང་ནས་སྟབས་བདེའི་གཟན་ཐུང་གཅིག་དང་། དེབ། སོ་ཆ། ད་དུང་ཁ་པར་གྱི་གློག་རྡོ་གཅིག་བཅས་བསྡུ་གསོག་བརྒྱབས་ཏེ་འཕྲུལ་གྱི་རྟ་ཕོ་ཆིར་ནས་ནུབ་ཕྱོགས་སྤུ་རྒྱལ་ཐད་དུ་ལྗོངས་རྒྱུ་ལ་བསྐྱོད་འགོ་རྩོམ་པ་ཡིན།

     2  
དེ་ནས་རིམ་བཞིན་གསེར་རིའི་ཟམ་ཐང་བརྒྱུད་དེ་འབྲོག་ཕྱོགས་ག་ངས་ལུང་པ་རུ་སོང་། ནམ་བཙའ་དེ་ནི་དབྱར་གསུམ་དཔལ་གྱི་ལྷ་མོའི་འཛུམ་རྒྱ་ལྷུག་པོར་གྲོལ་ཞིང་དཔྱིད་ཀྱི་ཕོ་ཉའི་གླུ་ངག་དབྱངས་ལ་འཐེན་པ་དང་། སྲིབ་ཤིང་འབོ་ལོ་དང་སྟག་པ་གླང་མ་ལྕང་མ་སོགས་ཡལ་ག་ལོ་འདབ་དགུང་དུ་འཕྱུར་ཞིང་ལ་ལ་ས་ལ་བྲུལ། ཉིན་ཤིང་ལྷ་ཤིང་ཤུག་པ་དང་བྲག་འཛར། ཤིང་བརླ་རྐང་སོགས་མགོ་ཚན་སྟུག་ལ་འདབ་ལོ་འཛིང་ཞིང་འབྲས་བུ་ཁུལ་དུ་ལྕིད། ད་དུང་གཟས་ལ་རྡལ་བའི་ཟོག་ཁྱུ་སྟེ། ར་ལུག་མ་འབའ་བུ་འབའ། འབྲི་མོ་མ་ངུར་བུ་ངུར། རྒོད་མ་མ་འདུར་བུ་འདུར། གཡག་རྒོད་གནམ་མཆོང་ས་མཆོང་། ཤ་བ་ཉིན་རྒྱུག་སྲིབ་རྒྱུག ཁ་ཞག་འཁྱིལ་བའི་རྩ་དང་རྩི་ཐོག མ་རྩོལ་རང་བྱུང་དུ་རྡོལ་བའི་མེ་ཏོག་སྣ་བརྒྱ་ཡི་དྲི་ངད་དང་སྨན་ལྡུམ་བརྩི་བརྩི་གྲངས་མེད་ཀྱིས་བསུང་དྲི་རི་ལུང་ཐང་གསུམ་དུ་ཁྱབ་པས། རི་ལུང་ཐང་གསུམ་ནི་བུད་མེད་ནད་ཀྱིས་མ་ཟིན་ཞིང་བརྒྱད་ཟུང་ལང་ཚོ་འབར་བའི་མཛེས་མ་ཞིག་དང་འདྲ་བས་བལྟས་ན་ངོམས་པ་ཞིག་ཡོད་པར་མ་མཆིས་སོ།  ད་དུང་དུས་དེར་དབྱར་གྱི་ཆར་ཚད་རྒྱས་པའི་སྒང་ལ་སྟབས་ཁེལ་བས་ལུང་པ་ལུང་ཆེན་རེ་ནས་ཆུ་ཆེན་རེ།  ལུང་པ་ལུང་ཆུང་རེ་ནས་ཆུ་ཆུང་རེ་མདོར་ན་ཆུ་སྣ་མི་གཅིག་བརྒྱ་རྩ་བརྒྱད་མ་བསྡུས་ངང་གིས་འདུས་པའི་ཕུང་པོ་ག་ཆུ། ་ཡ། ག་ཆུ།

 སྤྲིན་དང་སྨུག་པ་གྱུར་གྱུར་རི་རྩེར་འགྲོ།
ནགས་དང་རྩི་ལོ་ཤིག་ཤིག་ཉིན་སྲིབ་གཡོ།།
གནག་དང་ལུག་གི་ངུར་སྒྲ་སྒང་གཤོང་རྩེན།།
འབྲོག་ཤོག་རུ་སྡེ་ག་ངས་ཤང་དུ་འབྱོར།།

     3  དེ་ནས་རིམ་བཞིན་ག་འགག་རུ་སོང་སྟེ་གཡས་གཡོན་གྱི་ཚང་ཚིང་ནགས་ཀྱི་མཛེས་སྡུག  བྱ་བྱིའུ་ཉམས་ཀྱིས་གྲེ་འགྱུར།  རི་ཡི་གདོང་ཁ་རུ་འཁྱུད་པའི་སྤྲིན་དང་སྨུག་པའི་ན་བཟའ།   དེས་ག་ལ་ཚད་མཐོ་ཞིང་རྔམ་པའི་བྲག་ངོས་ནས་ཤུགས་ཀྱིས་ལྡིང་ཞིང་། དབལ་གྱི་རླབས་རིས་བར་སྣང་ནས་གཏོར་བའིཨུ་རུ་ཆུ་ཕྱརནི་སྙིང་སྟོབས་ལྕགས་ཀྱིས་བཟོས་ཤིང་། རིགས་ཞེན་ཁོག་ཏུ་ཉར་བའི་མཛངས་ཡོན་གཉིས་ལྡན་གྱི་ལེགས་ཆ་ལུས་ལ་རྫོགས་པའི་དཔའ་བོ་ཞིག་དང་ཅི་མི་འདྲ་ཨང་།  ད་དུང་སྒོམ་འཕྲད་བྲག་དཀར་ནི་དབུ་རྩེ་དགུང་དུ་བཏེགས་ཤིང་། རྒྱ་ཚས་ཡ་ཟི་ཕྱར་འདྲ།  ཚ་ཆུ་ཁའི་ཆུ་ཕྱར་ནི་ཅང་ཤེས་རྟ་ཕོའི་རྔ་མ་ཤད་འདྲ།  ཤག་ཤག་གིས་ག་ཆུ་རུ་འབབ་པ།  དེ་ནས་རྫོང་ལུང་མདའ་དང་། བདུད་རེ་སོགས་རི་འབར་འབུར་དང་། ལུང་གཤོང་གཤོང་།   ལྕུམ་དང་ཁོ་ཧུད་བཅས་རང་བྱུང་གི་མཛེས་དཔལ་བསམ་གྱིས་མི་ཁྱབ་པ་ཁྲ་ཆུང་མིག་ལ་མཆོད་པ་འབུལ་བཞིན་འབྲོག་སྡེ་ཤ་འདྲ་ཤང་དུ་རྩེབས།

 སྤྲིན་དཀར་ལེབ་མོས་བླ་བྲེ་ཡོངས་སུ་འཐེན།།
བྱིའུ་སྐད་སྙན་འཇེབས་རིང་མོས་སྔུན་ནས་བསུས།།
དཀར་དམར་རྩི་ཏོག་སྣ་བརྒྱས་གདན་དུ་བཏིང་།།
ངོམས་མེད་འབྲོག་ལྗོངས་ཤ་འདྲའི་ལུང་པར་རྩེབས།།

     4  བླ་ཤག་སུམ་མདོ་རུ་དྲོ་ཚུགས་བཏབ་ཏེ་དགྱ་ཟས་ཤ་བླུགས་ཐུག་པ་ཕོར་རེ་ཟ་གྲུབ་རྗེས་རིམ་བཞིན་ག་ཤེལ་དགོན་དང་། བླ་སྐོར་མ། རྐང་མདའ་དང་འཁོར་བ་ཐང་སོགས་བརྒྱུད་དེ་ག་རེའི་གཡུ་མཚོའི་འགྲམ་དུ་འབྱོར། དེ་ནར་འཕྲུལ་རྟའི་འཁོར་དགག་བརྫིས་ཏེ་མཚོ་ཁྲུས་རྒྱས་པར་བྱས་ནས་མུ་མཐུད་འབྲོག་གཞུང་རྐྱང་ཧྲའི་ལུང་པར་ལོག རྐྱང་ཧྲའི་རི་ཆུ་ནགས་ཀླུང་དང་། འབྲོག་སྡེའི་དུད་ཞགས། འབྲི་ནོར་གྱི་ངུར་ལྷབ། དཀར་དམར་གྱི་མེ་ཏོག སྔོ་ལྗང་གི་ན་ཐང་སོགས་དབང་པོ་སྒོ་ལྔར་དགའ་སྟོན་ཤོམ་བཞིན་ཐད་ཀར་འགག་གོང་གཞུང་ལམ་དེད་དེ་དགོང་མོར་ཡག་ལྔའི་ཡོན་བདག་རྙིང་པ་ཚང་དུ་རྩེབས།  ཡོན་བདག་རྙིང་པས་ཤ་ལ་དགའ་བ་ཤ་ཡིས་བརྔན། མངར་ཆུ་དགའ་བ་མངར་ཆུས་བརྔན། ཇ་ལ་དགའ་བ་ཇ་ཡིས་བརྔན། མདོར་ན་ཟས་སྣ་སྣ་མིན་སྣ་ཚོགས་གྱ་ནོམ་པོས་གསུད་པའི་འདོད་བློ་བསྐངས།    ཕྱི་ཉིན་ཕྱག་ཚོད་དགུ་པའི་ཐོག་ཆགས་ལ་བརྒྱུད་དེ་རོང་པོ་དང་རྗེས་རོག་སོགས་བརྒལ་ནས་འཁོར་དུས་བཅུ་ཕྱེད་         ཐོག་གཡུ་གཞོང་སྤ་ཟླའི་ལུང་པར་འབྱོར། 

 རྩི་ཡི་ཁ་མེར་ལོག་པའི་གཡུ་ཡི་གཞོང་།།
ལྷ་འབྲི་ངུར་ཤང་སྒྲོག་པའི་སྨུག་པའི་ལུང་།།
གཡུ་བྱའི་གྲེ་འགྱུར་གྲག་པའི་ལྷ་ཤིང་ཚིང་།།
ལྗང་མདོག་གནམ་གྱི་ལུང་པ་སྤ་ཟླ་མདོ།།

     5  སྐབས་དེར་མཛེས་ལྗོངས་སྤ་ཟླ་སུམ་མདོ་རུ་ཉིན་གུང་ཟ་མ་བཟས་ཏེ་འཐུང་རིགས་དང་ཟ་རིགས་འགའ་ཉོས་ནས་སྤ་སྟོད་གཤེར་ལའི་ལ་འདབས། འབྲོག་སྡེའི་རུ་བའི་ཆུ་ཚུར་ཀའི་མཚམས་སུ་གསེར་གྱི་ཁུ་བ་བཞུས་འདྲའི་སེར་ཆེན་མེ་ཏོག་གསེང་དུ་གཡུ་སྦྲང་གཞོན་ནུ་དང་མཉམ་དུ་ཆུ་ཚོད་སུམ་བཞི་སིག་ལུས་སོས་དལ་ལ་ཕབས་ཏེ། སྦྲ་དང་ནོར། རྩི་དང་མེ་ཏོག རི་དང་ཆུ། ཡུལ་ལུང་སོགས་ལ་ལྟད་མོ་བལྟས།  ས་དགའ་རབས་གླེང་། ཡུལ་སྐྱིད་རབས་འུར། ནོར་རྩིང་རབས་བཤད།  སྦྲ་མང་རབས་བཟླས། མངར་ཆུ་མཐུང་། པན་སྒམ་ཟོས།  ཁ་མཚར་བརྫས།  པར་འགའ་བརྡབས།  དེ་ནས་ཕྱག་ཚོད་ལྔ་པའི་ཐོག་ལ་ཆེན་གཤེར་ལ་བརྒྱབས་ཏེ་ཟམ་ཞིག་བརྒྱུད་ནས་རང་ཡུལ་གསེར་གཡུ་མདོ་བར་ལོག


     2018 7 13  
ངལ་གསོའི་ལྗོངས་རྒྱུ་མདོར་བསྡུས་ཤིག་རྩོམ་ལ་བྱང་ཆེད་ཁྲི་རིག་པའི་མདས་བསྟར།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།