གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ལ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་པ་ལ་ཕྱོགས་ཁག་ནས་ཕུལ་བའི་ཤིས་བརྗོད་ཕྱོགས་སྒྲིག

དང་པོ།
0
ཉེ་ཆར་བོད་ཀྱི་གནའ་བོའི་ཤེས་རིག་གི་ཉིང་བཅུད་དེབ་༡༥༠ཅན་གྱི་༼གསུང་རབ་སྒོ་མཛོད་རིན་པོ་ཆེ་༽ ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པ་བསྩལ་གནང་མཛད་སྒོའི་ཐོག་གཟེངས་བསྟོད་ཐོབ་ཡོད་པ་དང་། དེ་སྔོན་གཙོ་སྒྲིག་པ་རྒྱ་མཚོ་ནོར་བུ་མཆོག་གིས་བོད་ཀྱི་སློབ་གྲྭ་ཆེན་མོ་དང་། དཔེ་མཛོད་ཁང་། དགོན་སྡེ་ཧ་ཅང་མང་པོ་ལ་ཞལ་འདེབས་ཕུལ་མྱོང་ཡོད་པ་བཞིན་ད་ཐེངས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་༼ གསུང་རབ་སྒོ་མཛོད་རིན་པོ་ཆེ་༽ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བའི་གནས་བསྡུས་འདི་མཐོང་རྗེས་གུས་པ་སྣང་བ་ལྷག་ཏུ་དགའ་མོ་བྱུང་།།
1
འོད་ཟེར་སྦྱིན་པའི་འོད་མདངས་མཁའ་ལ་འཕྱུར།
ཁྱུང་ཁྲི་ལྡེ།
དམ་པའི་སྐྱེས་བུ་ལྷ་བཞིན་བཀུར་བ་དང་།།
ཉམ་ཐག་འགྲོ་བར་བུ་བཞིན་གཟིགས་པ་ཡི།།
རྒྱལ་སྲས་སེམས་དཔའི་ཚུགས་ཀ་དོད་པ་སྟེ།།
བཟང་དགུའི་རྒྱན་གྱིས་མཛེས་པའི་སྐུ་ལ་བསྟོད།།
ཆེ་དྲེགས་ཨོ་ཟོབ་ཚིག་གིས་མ་ལྷད་པ།།
ཤ་ཚ་སྙིང་རྗེའི་ལྗགས་ལས་ཐོན་པ་ཡི།།
འབངས་ཀྱི་ཁ་ལོ་གྱེན་དུ་བསྒྱུར་བའི་གདམས།།
སྨྲ་བའི་ལྗགས་བརྒྱ་ལྡན་པའི་གསུང་ལ་བསྟོད།།
ལེགས་ཉེས་བླང་དོར་མཁྱེན་པའི་ཤེས་རབ་ལ།།
གཞན་ཕན་སྙིང་རྗེའི་དྲོད་རླབས་མངོན་འཕྱུར་སྟེ།།
དྲན་རྟོག་རྒྱུ་ཚད་བསྟན་འགྲོའི་དོན་བསམ་པའི།།
འགྲན་བྲལ་དཔལ་ལྡན་བླ་མའི་ཐུགས་ལ་བསྟོད།།
ཆོས་ལུགས་པ་ལ་ཆོས་ཀྱི་ངོ་སྤྲོད་ཟབ།།
འཇིག་རྟེན་པ་ལ་འཇིག་རྟེན་སྟོན་ལུགས་མཁས།།
གང་འདུལ་དེར་སྟོན་མཁྱེན་པའི་དཔྱོད་རིག་ཅན།།
དཔོན་གསས་བླ་མའི་ཡོན་ཏན་ཉིད་ལ་བསྟོད།།
དཔལ་འབྱོར་ཡོད་ཚད་བསྟན་པའི་དོན་ལ་གཏོང་།།
དུས་ཚོད་ཡོད་ཚད་བོན་བསྟན་དོན་དུ་ཟད།།
བླ་གཟུགས་ཕལ་གྱི་ལོ་བརྒྱའི་ལས་ཀ་དེ།།
ཁྱེད་ཀྱིས་ཉིན་རེར་མཛད་པའི་ཕྲིན་ལས་བསྟོད།།
མཆོག་གི་མཛད་བཟང་བྱེ་བའི་ཆ་གཅིག་སྟེ།།
གསུང་རབ་སྒོ་མཛོད་སྤེལ་བའི་ཕྲིན་ལས་དེར།།
ཇོ་མོ་གླང་མའི་བྱ་དགའ་ཐོབ་པ་ལ།།
སྒོ་གསུམ་གུས་པའི་རྟེན་འབྲེལ་གྲངས་མེད་ཞུ།།
2
བཀའ་རྟགས་བླ་མེད་བཞག་པའི་ལེགས་གསོལ།
དྲང་ཆེན་ཕྱྭ་སྲས་སྒམ་པོའི་ཐུགས་དབྱིངས་ནས།།
དཔལ་ལྡན་ཤེས་རབ་ཉི་མའི་འོ༵ད་ཟེ༵ར་གྱིས།།
འཇིག་རྟེན་ཀུན་སྣང་བློ་མིག་སྦྱི༵ན་མཛད་པ༵།།
རྣམ་འདྲེན་རྒྱ་མཚོའི་ནོར་བུ་ཕན་བདེའི་དཔྱིད།།
ཐབས་ཤེས་བླ་མེད་བདག་རྐྱེན་ལ་བརྟེན་ནས།།
གསུང་རབ་བླ་མེད་སྒོ་བཞི་མཛོད་ལྔར་བསྐྲུན།།
སྟོན་པ་བླ་མེད་བསྟན་པའི་དབུ་འཕང་བསྟོད།།
བཀའ་རྟགས་བླ་མེད་འཛམ་གླིང་དཔལ་དུ་བཞག།
དེ་ཚེ་ལྷ་མི་དགྱེས་པའི་བཞད་འཛུམ་ངང་།།
མཛད་ཕྲིན་ཇོ་མོ་གླང་མའི་རྩེར་བསྙེགས་པའི།།
རྟེན་འབྲེལ་གཟེངས་རྟགས་འབུལ་བའི་དུས་བཟང་ལ།།
དབྱངས་ཀྱི་རོལ་མོ་སེམས་ཀྱི་གཏིང་ནས་དཀྲོལ།།
བླ་མ་ཁྱེད་ཀྱི་མཛད་ཕྲིན་རླབས་པོ་ཆེ།།
གསེར་གྱི་སྒྲོན་མེ་བཞིན་དུ་ཇེ་གསལ་ཤོག།
དུང་གི་ཟླ་བ་བཞིན་དུ་ཇེ་རྒྱས་ཤོག།
དུས་ཀྱི་སྦྲང་ཆར་བཞིན་དུ་ཡོངས་ཁྱབ་ཤོག།
གུས་སློབ་ཁྲི་གཙུག་བསྟན་པ་ནས།
3
ཇོ་མོ་གླ་མའི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ།
རང་ས་ཞང་བོད་ས་ལའི་ཡང་རྩེ་ནས། །
རང་མི་ཡབ་རྗེ་གཤེན་ལ་ཕྱགས་འཚལ་ལོ། །
འདི་ཕྱི་གཉིས་ཕན་ཁྱེད་གསུང་བཀའ་ཆབ་ཆེ། །
པོད་གྲངས་ཉིས་བརྒྱ་ཅན་གྱི་གླེགས་བམ་རྣམས། །
གཞན་དོན་ཁུར་ལ་སེམས་དཔའི་རྒྱལ་སྲས་དང་། །
རྒྱལ་བསྟན་སྐྱང་ལ་ནུབ་མེད་བོན་གྱི་སྒྲོན། །
སྐྱབས་མགོན་བླ་མ་ཚོགས་གཉིས་རྒྱ་མཚོ་གཙོས། །
གཉུག་ཆེན་ལས་རོགས་རྣམས་དང་རོགས་སྦྲན་ནས། །
ལྷ་དང་སྲུང་མར་བཅོལ་བསྐུལ་ཟུང་མཐུན་གྱིས། །
གེགས་དང་བར་ཆད་རྒྱང་མཚམས་རབ་བཅད་ནས། །
མི་རྒྱུ་ཟས་གསུམ་དཀར་ཚགས་འགྲོ་གྲོན་རྣམས། །
ལོ་ནས་ལོ་རུ་མཐུད་པའི་གྲུབ་འབྲས་ཏེ། །
སྤུས་ལེཊ་བྲིས་སུ་བཞེངས་པའི་གཟེངས་རྟཊ་སུ། །
རྒྱལ་ཡོངས་བོད་ཀྱི་རིག་པ་ལས་དོན་ཐད། །
མཐུན་སྦྱོར་ཚོཊ་ཐེངས་ལྔ་པའི་གླེང་སྟེཊ་ནས། །
ཇོ་མོ་བླ་མའི་མཚན་གྱི་ཅོད་པན་གང་། །
གང་ལ་ཕོག་པའི་ལྷ་སྐལ་བླངས་བྱས་ཏེ། །
དོན་ལྡན་མིང་གི་གྲགས་དཀར་ས་ཁྱབ་སྟེ། །
ཨང་ཀི་གསུམ་པའི་ས་མིག་བསྐང་བ་ལ། །
དགའ་ཚོར་སེམས་ཀྱི་མོས་པ་བྱེ་བ་ཡིས། །
བཀའ་དྲིན་ལྷུན་པོ་ཙམ་ཞིག་འབུལ་དང་ལྷན། །
སྐྱབས་རྗེ་ཨ་ཤག་འོད་ཟེར་སྦྱིན་པ་དང་། །
བཀའ་སྡོད་ཞབས་ཞུ་དཔུང་རྣམས་གཙོར་བྱས་ཏེ། །
ཕན་རོགས་ལྷ་སྡེ་རྣམས་ཀྱི་ཚེ་བསོད་དང་། །
ལས་རླུང་ཡར་ངོའི་ཟླ་བཞིན་རབ་འཕེལ་ཏེ། །
བཟང་སྤྱོད་ལས་བཞིའི་མཛད་པ་ཕྱོགས་བཅུ་ལ། །
ཁྱབ་སྟེ་སྐྱེ་རྒུ་རྫོགས་སངས་རྒྱས་པར་ཤོག
༢༠༡༨—༥—༡༩—སྟེང་དགོན་དཔེ་ཆ་བ།
4
རྟེན་འབྲེལ་ཞུ།
༧ རླབས་ཆེན་བསྐྱངས་བའི་སྐྱེས་བུ་བཟང་པོ་མཛད་ཆེན་སྒྲུབ་པའི་སེམས་དཔའ་བ།
བསྟན་དང་འགྲོ་བ་ཐབས་དང་ཤེས་རབ་བྱམས་དང་སྙིང་རྗེས་བསྐྱང་མཁས་པོ།
མཚན་དཔེའི་གསེར་ཞལ་ཞི་བའི་དཀྱིལ་འཁོར་སྐུ་མཆོག་ཉི་མ་གཞོན་ནུ་སྟེ།
གང་གི་མཐུན་ཕྱོགས་ལམ་ལམ་གསལ་བའི་གསེར་གྱི་སྒྲོན་མེ་བསྟན་པའི་རྒྱན།
སྐུ་མཚན་ཆ་ཤས་སྟོན་ཟླའི་འོད་ཀྱིས་སྟོང་གསུམ་འཇིག་རྟེན་ལམ་ལམ་གསལ།
གསུང་རབ་དཔེ་སྦྱིན་དབྱར་གཞུང་ཆར་གྱིས་གོ་ལའི་སྒང་གཤོང་ནེམ་ནེམ་བརླན།
ཐུགས་དམ་གཡོ་མེད་ཀུན་བཟང་དགོངས་པའི་ཉམས་དང་རྟོཌ་པ་ལྷང་ལྷང་ཤར།
མཛད་ཆེན་སྐྱོང་ནས་འཛམ་གླིང་གསལ་བའི་གསེར་གྱི་སྒྲོན་མེ་ལམ་ལམ་འཚེར།
ཐེག་པ་རིམ་དགུའི་པོད་ལ་གཟིགས་པའི་འཆད་རྩོད་རྩོམ་གསུམ་ཡང་ཡང་བསྐྱངས།
གཤེན་རབ་བླ་མའི་བསླབ་པའི་དོན་དུ་བཤད་སྒྲུབ་སྒོམ་གསུམ་རིང་རིང་གཅེས།
སངས་རྒྱས་བསྟན་པའི་བླ་སྲོག་བསྲུང་བའི་སྒོ་བཞི་མཛོད་ལྔ་མང་མང་དཔརད།
གསུང་རབ་སྦྱིན་པའི་ཕྱག་ཟུང་ཡངས་བས་བཀའ་བརྟེན་དཔེ་རྙིང་ཉི་ལི་ལི།
དྲུང་མུ་གྱེར་གྱི་བསྟན་གཞིས་བསྐྱང་ལ་བཀའ་བརྟེན་བསྐྲུན་པའི་སྟོན་པ་མཛད།
མ་ཡུམ་རིག་པའི་སློབ་གཞིས་བསྐྱང་ལ་འཁོར་སློབ་སྟོང་གི་དེད་དཔོན་མཛད།
སྨག་ནག་ནང་གི་ཉམ་ཆུང་བསྐྱང་ལ་རྡོག་སྔུན་གསལ་བའི་སྒྲོན་མེ་མཛད།
མཛད་པ་གསུམ་གྱིས་འཛམ་གླིང་སྐོར་བའི་གསེར་གྱི་སྒྲོན་མེ་ལམ་ལམ་འཚེར།
ཉིས་སྟོང་ལོ་ལ་དབུ་ཁྱུད་བྲིས་ནས་བཀའ་བརྟེན་དཔེ་རྙིང་ལས་སྒྲུབ་བཙུགས།
དཔེ་བསྒྲིགས་ཚན་པའི་དག་བསྒྲིགས་མཛད་ནས་མཁས་བརྒྱ་དགྱེས་པའི་མཛད་བཟང་བསྐྱངས།
དཀའ་ཚེགས་དཀོན་རྒྱུ་གང་ལ་མ་འཛེམས་བཀའ་བརྟེན་སྤུས་ལེགས་གྲངས་མང་པར།
དབུ་ནག་མི་བུའི་སྤྱན་གཟིགས་ཚུལ་དུ་འཛམ་གླིང་དཔེ་མཛོད་ཕལ་ཆེར་བསྐངས།
བདུད་རྩི་རྒྱུན་འབབས་ཟད་མེད་ཕྱག་ནས་བཀའ་བརྟེན་དཔེ་རྙིང་ཉི་ལི་ལི།
གསེར་རྩི་བཀའ་ཆབ་ཆད་མེད་འཕྲུལ་ནས་གསུང་རབ་སྒོ་མཛོད་ཀྱི་ལི་ལི།
མི་ཟད་རྒྱན་གྱི་འགྱུར་མེད་མཛོད་ནས་བོན་སྦྱིན་འོད་ཟེར་ཏ་ལ་ལ།
ཉིང་ཁུ་ཉམས་ཀྱི་ཕྱོགས་མེད་གཤིས་ནས་ཀུན་བཟང་དགོངས་པ་ཤ་ར་ར།
མི་རིགས་སྲོག་རྩ་ཤེས་རིག་མ་ལག་མང་དུ་བསྐྲུན་པའི་གྲུབ་འབྲས་ལ།
རྒྱལ་ཡོང་བོད་རིག་ལས་དོན་མཐུན་སྦྱོར་འཚོགས་འདུ་ཆེན་མོའི་དུས་སྐབས་སུ།
ཀྲུང་གོའི་བོད་རིག་ཞིབ་འཇུག་ཚན་པའི་ཇོ་མོ་གླང་མའི་གཟེངས་རྟགས་ཀྱི།
བྱ་དགའི་རྟགས་མ་ཁྱེད་ཀྱིས་བཞེས་པའི་རྒྱལ་ཁའི་སྐད་གསང་མཁའ་ནས་འབྲུག
བུ་སློབ་ང་ཚོས་དགོད་སྒྲ་ཐལ་མོས་དགའ་བསུ་ཞུ་ནས་སྒུག་སྒང་ཡིན།
ལས་སློབ་ང་ཚོ་གཏམ་བཟང་འོག་ནས་ཡིད་སེམས་དགའ་བས་ཁེངས་སྒང་ཡིན།
དཔོན་གསས་བླ་མ་ཕེབས་བསུ་ཞུ་ལ་གསེར་ཐག་སེར་ཕྲེང་སྒྲིག་སྒང་ཡིན།
ཁྱེད་སྐུ་མི་འགྱུར་གཡུང་དྲུང་ཁྲི་ལ་རྟག་ཏུ་བཞུགས་པའི་རྟེན་འབྲེལ་ཆེ།
༢༠༡༨/༥/༡༩/ཉིན་གང་གི་སྐྱབས་འོག་ཏུ་གནས་པ་མཁར་སྤ་བསོད་ནམས་བློ་གྲོས་ནས། ཉེ་ཆར་བོད་ཀྱི་གནའ་བོའི་ཤེས་རིག་གི་ཉིང་བཅུད་དེབ་༡༥༠ཅན་གྱི་༼གསུང་རབ་སྒོ་མཛོད་རིན་པོ་ཆེ་༽ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པ་བསྩལ་གནང་མཛད་སྒོའི་ཐོག་གཟེངས་བསྟོད་ཐོབ་ཡོད་པ་དང་། དེ་སྔོན་གཙོ་སྒྲིག་པ་རྒྱ་མཚོ་ནོར་བུ་མཆོག་གིས་བོད་ཀྱི་སློབ་གྲྭ་ཆེན་མོ་དང་། དཔེ་མཛོད་ཁང་། དགོན་སྡེ་ཧ་ཅང་མང་པོ་ལ་ཞལ་འདེབས་ཕུལ་མྱོང་ཡོད་པ་བཞིན་ད་ཐེངས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་༼གསུང་རབ་སྒོ་མཛོད་རིན་པོ་ཆེ་༽ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བའི་གནས་བསྡུས་འདི་མཐོང་རྗེས་གུས་པ་སྣང་བ་ལྷག་ཏུ་དགའ་མོ་བྱུང་།།
བདེན་ཚིག་རྒྱབ་ལ་གནས་ལུགས་རི་བོའི་ཆུ། །
དར་གྱིས་གཞུར་ན་སུ་ཡིས་འགོག་མི་ནུས།།
དངོས་ཐོག་བདེན་པའི་མདུན་ལ་ཆས་བ་འདིས། །
བསམ་ཞིང་བལྟས་ན་འཇུག་འབྲས་ངང་ནས་ཤེས།།
རྣམ་འདྲེན་བླ་མ་འོད་ཟེར་སྦྱིན་པ་ཡིས། །
རྣམ་དཀར་སྒོ་མཛོད་གསུང་རབ་རིན་ཆེན་རྣམས།།
རྣམ་མང་འགྲོ་ཁམས་ཡོངས་ལ་སྤེལ་བའི་མཐུས། །
རྣམ་ཀུན་དད་པའི་ཕྱག་རྒྱ་ཅིས་མི་བཞད།།
རྣམ་མཁྱེན་རྒྱལ་བའི་གསུང་པོད་སུམ་བརྒྱ་ལྷག
རྣམ་དག་ཕྱག་ལས་བདེན་དོན་སྒྲུབ་པ་དེ།།
རྣམ་དཀར་ལས་ལ་བདེན་པའི་མཐའ་གསལ་ནས། །
རྣམ་མང་འདུན་ནས་གཟེངས་རྟགས་བཞེངས་འདི་བསྟོད།།
5
བླ་མའི་མཛད་བཟང་དང་། ཇོ་མོ་གླང་མའི་མཚན་སྙན།
________སྐྱ་ཀ་ཁྲ་བོ།
རང་དགོན་རང་སྡེ་ཙམ་ལ་ཉི་ཚེ་བའི། །
ཐུགས་ཆུང་མ་གནང་བསྟན་འགྲོ་སྤྱི་ཕན་དུ།།
ཐབས་ཐུགས་མ་འགགས་རིས་མེད་ཕྱོགས་ཀུན་ནས། །
འོད་ཟེར་རྟག་ཏུ་སྦྱིན་ལ་མི་ངལ་བའི།།
དབྱིངས་ཀྱི་ནོར་བུ་མཆོག་དེ་ཁྱེད་མིན་སུ།།
དཀའ་ཚེགས་ཁྲི་ཕྲག་རྒྱུ་གྲོན་ཕོན་ཆེན་པོས། །
བཀའ་དང་བཀའ་བརྟེན་ཡོངས་རྫོགས་དག་བསྒྲིག་གི།
གཞི་རྒྱ་ཆེ་བའི་ལས་གཞི་མགོ་བརྩམས་པའི། །
འགྲན་མེད་ཁྱེད་ལ་མངའ་བའི་ཐུགས་སྟོབས་དེས།།
ཐོག་མའི་མཚན་སྙན་ཏི་སེའི་མགུལ་རྒྱན་བྱས།།
དེ་ནས་མི་ལོ་བཅུ་ཕྲག་གཉུག་བསྲིངས་ཏེ། །
སྤུས་ལེགས་དེབ་དང་དཔེ་གཟུགས་གློག་རྡུལ་སོགས།།
གང་དགོས་ཀུན་གྱི་སྤྱན་སྔར་བཤམ་བྱུང་བས། །
ཀུན་ཡིད་དབང་མེད་བཀུག་པའི་བསྔགས་བརྗོད་ཀྱིས།།
མཚན་སྙན་ཧི་མ་ལ་ཡི་ཕྱི་རོལ་མཆེད།།
དེ་ནས་གསུང་རབ་སྒོ་མཛོད་གདན་དྲངས་ཏེ། །
དགོན་དང་དགེ་རྒན་དཔེ་མཛོད་ཆེ་ཁག་ཏུ།།
བརྒྱ་ཕྲག་བོན་སྦྱིན་ཕུལ་བའི་ལྷག་བསམ་ལ། །
ཕྱོགས་ཀུན་ཡིད་ཀྱིས་སྨོན་བཞིན་ཁྱེད་ཀྱི་མཚན།།
རྒྱ་མོ་རྔུལ་ཆུར་ཕབ་སྟེ་ཡ་གླིང་ཁྱབ།།
དེ་ལྟར་རླབས་ཆེན་མཛད་འཕྲིན་འོད་ཀྱི་དཔལ། །
ཀུན་ཏུ་བསྐྱངས་བས་སླར་ཡང་ཁ་རྩང་དེང་།།
ཁྱེད་ཀྱི་མཚན་སྙན་དར་དཀར་ཡུག་གཅིག་ལྷན། །
རི་བོ་ཇོ་མོ་གླང་མའི་མགུན་རྒྱན་དུ།།
བླངས་ཞེས་ཐོས་པས་ཁོ་བོ་དངས་རེ་སྤྲོ།།
ཁྱེད་ཀྱིས་གནང་བ་བོན་གྱི་བསྟན་དོན་ཕྱིར། །
ཁྱེད་ལ་ཐོབ་པ་བོན་གྱི་གཟི་དཔལ་ཡིན།།
ཆེད་དུ་མ་རྩོལ་གཟི་བརྗིད་མཚན་ཐོབ་པར། །
ཁྱེད་ལ་གུས་བརྒྱས་རྟེན་འབྲེལ་བཟང་ངོ་ཞེས།།
བཀྲ་ཤིས་སྨོན་པའི་དགའ་ཚིག་སྙིང་ནས་འབུལ།།
གུས་སློབ་སྐྱ་ཀ་ཁྲ་བོས་ཕུལ།
6
གཏམ་བཟང་གསེར་གྱི་རྣ་རྒྱན།
ཐུགས་རྗེས་འགྲོ་ལ་གཟིགས་པའི་སྤྱན་ཡངས་པ། །
ཐབས་ཤེས་ཉི་ཟླའི་འོད་ཀྱི་གཟི་མདངས་ཅན།།
གླིང་བཞིའི་མུན་པ་སེལ་བའི་སྲི༵ད་པ༵འི་སྒྲོ༵ན། །
འཇིག་རྟེན་འགྲོ་བའི་དོན་མཛད་སྐྱེས་ཆེན་ཞིག།
རྒྱལ་བསྟན་ཐུགས་ལ་འཆང་ནས་ཉེར་གཅིག་དུས། །
སུམ་གླང་ཁྱུང་ཡུལ་རིག་པའི་གྲོང་ལ་འཁྲུངས།།
དུས་འདིར་རྒྱལ་བསྟན་ཡི་གེས་འཛིན་དགོས་ཕྱིར། །
དེ་ལ་དགོངས་ཏེ་བཀའ་བརྟེན་དག་བསྒྲིགས་མཛད།།
ཁྱེད་ཀྱི་ཐུགས་ལས་འཁྲུངས་པའི་བཀའ་དགོངས་བཞིན། །
བཀའ་བརྟེན་དཔེ་རྙིང་ཁང་གི་ཚོགས་མི་དང་།།
སྟོན་འཁོར་ཡོངས་ཀྱི་ལོ་ཟླ་དུ་མའི་ནང་། །
དཀའ་སྡུག་དུ་མར་བརྒྱུད་པའི་འབྲས་བཟང་དུ།།
རྒྱལ་བའི་གསུང་རབ་སྒོ་མཛོད་རིན་པོ་ཆེ། །
དཔར་དུ་བསྐུན་པའི་མཛད་བཟང་རླབས་ཆེན་དེར།།
དེ་རིང་རི་བོ་ཇོ་མོ་གླང་མ་ཡི། །
མཚན་སྙན་མགུལ་རྒྱན་བྱས་པ་འདི་ནས་ཐོས།།
རྒྱལ་ཡོངས་བོད་རིག་ལས་དོན་འཚོགས་འདུའི་སྐབས། །
རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གསུམ་པ།།
གཏམ་བཟང་གསེར་གྱི་རྣ་རྒྱན་འདོག་པའི་ཉིན། །
དགའ་མགུ་ཡིད་རངས་དང་བཅས་སྨོན་ཚིག་འབུལ།།
དཔོན་གསས་བླ་བའི་མའི་སྐུ་ཚེ་བརྟན་པ་དང་། །
ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་འགྲུབ་ཤོག །
དགེ་འདུན་འདུས་སྡེ་ཐུགས་མཐུན་ཁྲིམས་གཙང་ནས། །
བསྟན་འགྲོའི་དོན་ཆེན་བསྒྲུབ་ལ་ངལ་མེད་ཤོག །
དཔོན་གསས་གང་གི་སྐྱབས་འོག་པ་ཁྱུང་གཤོག་འབོད་པ་དེའི་དགའ་མགུ་ཡིད་རངས་དང་བཅས་ཏེ་སྤྱི་ལོ་ 2018 ལོ་ཟླ་བ་5 པའི་ཚེས་ 19 ཉིན་ཕུལ།།
7
ཚེ་སྲོག་ལས་གཅེས་པའི་མེས་པོ་ཡི་རིག་གཞུང་དག་མ། །
གངས་རི་ལས་དཀར་བའི་ལྷག་བསམ་གྱི་རྗེས་འཛིན་ངོ་མ།།
གསེར་ནག་ལས་རིན་ཐང་ལྡན་པའི་སྒོ་མཛོད་གྱི་གླེག་བམ་སྤུས་མ། །
རི་འཇོམས་ལས་གསལ་བའི་གསེར་སྒྲོན་གྱི་མཛད་ཕྲིན་དག་མ།།
བསྟན་འཛིན་སྐྱེས་མཆོག་བསྟན་དོན་ལས་ལ་བྲེལ། །
རྣམ་དག་བོན་སྒོ་ཕྱོགས་བཞི་དབུས་སུ་ཕྱེས།།
ཤར་ཕྱོགས་གནམ་སྡེ་སྒོ་མོའི་ཕོ་བྲང་དུ། །
རྒྱལ་བའི་བཀའ་ལ་གོང་མས་ལེགས་སྐྱེས་ཕུལ།།
རྒྱལ་བའི་བཀའ་གསུམ་ནམ་མཁའི་མཐའ་མཉམས་ཞིང་། །
རྒྱལ་གཤེན་འཁོར་ལོ་བསྐལ་པའི་མཐའ་རུ་བསྐོར།།
རྒྱལ་བསྟན་སྲུང་མའི་ནུས་མཐུ་གཅིག་བསྒྲིལ་ཏེ། །
རྒྱལ་བའི་དར་ཆེན་མཁའ་རུ་ད་ཕྱོར་ཅིག།
བསྟན་པའི་གཙུག་རྒྱན་འོད་ཟེར་སྦྱིན་པ་ཡི། །
བསྟན་པའི་མཛད་ཕྲིན་སྲིད་པའི་ཕ་མཐའ་བརྒལ།།
བསྟན་སྐྱོང་ལྷ་དང་སྲུང་མའི་ནུས་མཐུ་ཡི། །
བསྟན་སྦྱིན་མ་ལུས་མངོན་སངས་རྒྱས་པར་ཤོག།
རྒྱ་བོ་ནམ་མཁའ་བློ་གྲོས་དེས།
8
མཛད་འཕྲིན་གྱི་གཟི་འོད།
དག་གོ་ཡེ་གནས་རིག་པ་སྒྲིབ་གཡོགས་བྲལ།
དཀར་རོ་གཞན་ཕན་བྱང་ཆུབ་སེམས་ཀྱི་ཚོགས།
ཟབ་བོ་ལུང་རྟོགས་རྒྱལ་བསྟན་རྩ་ལག་ཀུན།
རྒྱས་སོ་དེང་འདིར་ཚན་རྩལ་གྲོགས་བཟང་ལྷན།།
དད་དད་ལྷག་བསམ་དཀར་པོ་པད་མོའི་གཉེན།
ལྷག་ལྷག་སྐྱེ་འགྲོའི་མགོན་གཅིག་གསུང་རབ་འོད།
ཟབ་ཟབ་བདེན་སྟོབས་རྣམ་དཀར་སྣང་བའི་ཁྱབ།
མཁས་མཁས་ཆེ་རྒུའི་གཙུག་ན་མངོན་པར་རྒྱན།།
སྔོན་བསགས་བཟང་པོའི་མཐུ་སྟོབས་དལ་འབབ་མཛོད།
བསོད་ནམས་ལས་དབང་རང་རྩལ་གཏིང་རུམ་ནས།
སྲིད་ཞིའི་མིག་འབྱེད་གསུང་རབ་དབྱིག་གི་ནོར།
རྒྱལ་ཡོངས་ཇོ་མོ་གླང་མའི་གཟེངས་རྟགས་མཆོད།།
ཤེ༵ས་བྱའི་གནས་ལུགས་རང་དབང་བསྒྱུར་བའི་གཤེན།
ར༵བ་འབྱམས་སྡེ་སྣོད་ལུང་རིགས་མུ་མེད་མཁྱེན།
ཚུ༵ལ་བཞིན་ལུགས་གཉིས་གཟིགས་པའི་བདེན་སྟོབས་འབར།
ཁྲི༵མས་མཐུན་མཁས་མཛངས་རྣམས་ཀྱིས་གྲགས་དཀར་བསྒྲགས།།
བཟང་པོའི་ལས་ལ་མཁས་པས་དག་ཐེར་མཛད།
མཛད་འཕྲིན་མང་ཡང་སྒོ་མཛོད་ཕྱག་རྗེས་ལ།
ལ་རྒྱ་རིག་གཞུང་དགའ་དད་སེམས་ལྡན་ཀུན།
ཀུན་ཡིད་དྭངས་མོས་འཛམ་གླིང་ཁྱབ་པར་སྒྲོན།།
རྣམ་དཀར་མཛད་བཟང་ཁྱུང་དཀར་བསྟན་རྒྱས་གླིང་།
རྣམ་དཀར་མཛད་འཕྲིན་བཀའ་བརྟེན་དཔེ་བསྒྲིགས་ཁང་།
རྣམ་དཀར་མཛད་པ་ལོ་འཁོར་བཅུ་ཕྲག་ལྷག།
རྣམ་དཀར་མཛད་པའི་དགེ་ཚོགས་བསྟན་འགྲོར་བསྔོ།།
སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་རུ་ཚ་རྔུལ་ཚའི་བུ་ཕྲུག་གིས་གསུང་རབ་སྒོ་མཛོད་རིན་པོ་ཆེ་ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཐོབ་པར་སྤྲོ་སེམས་དང་བཅས་ཏེ་༢༠༡༨/༥/༡༩ ཉིན་ནད་གདོན་ལམ་སློང་བྱང་ཆུབ་ལམ་རིམ་ཆེན་མོའི་དགེ་སྦྱོར་གྱི་བར་གསེང་ནས་དཀྱུས་ཐོག་གཅིག་ལའོ།།
9
ཤིས་སྨོན་རྟེན་འབྲེལ་བདེན་པའི་གསུང་སྐད།
རྣམ་འདྲེན་བརྒྱད་པ་གཤེན་རབ་མི་བོ་ཡིས། །
སྲོལ་ཕྱེས་གྲུབ་མཐའ་སངས་རྒྱས་གཡུང་དྲུང་བོན།།
དེའི་ཚུལ་བཀའ་དང་བཀའ་རྟེན་གཙོ་སྒྲིག་མཁན། །
སྙིགས་དུས་འདྲེན་མཆོག་འོད་ཟེར་སྦྱིན་པར་འདུད།།
ཐུགས་བསྐྱེད་ཟབ་མོའི་བདག་ཉིད་བླ་མ་དང་། །
བཀའ་རྟེན་དཔེ་རྙིང་ཕྱོགས་སྒྲིག་པ་རྣམས་ལ།།
ཁོ་བོས་བྱ་དགའ་འདི་དང་སྦྲག་ནས་སུ། །
ཡི་རང་དད་པས་ཤིས་ཚིག་སྨོན་པ་འབུལ།།
རྣམ་འདྲེན་བླ་མ་ཁྱེད་ཀྱི་ཐུགས་བསྐྱེད་དང་། །
ལས་སྒྲུབ་ཚོགས་མི་རྣམས་དང་རྒྱབ་སྐྱོར་མཁན།།
ཕྱོགས་མཐར་བཞུགས་པའི་སེར་སྐྱ་ཕོ་མོ་རྣམས། །
རྟེན་བདེ་དགེ་ལེགས་བཀྲ་ཤིས་ཕུན་ཚོགས་ཤོག །
ཚེ་རབས་ཀུན་ཏུ་བདེ་སྐྱིད་ཕུན་ཚོགས་ཤིང་། །
གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་བསྟན་གྱི།།
མདོ་སྔགས་སེམས་གསུམ་ཉམས་ལེན་ཟབ་མོའི་དོན། །
རྒྱུད་ལ་སྐྱེས་ཤིང་རྫོགས་སངས་མྱུར་རྒྱས་ཤོག །
དེ་ལྟའི་རྟེན་འབྲེལ་བསླུ་མེད་ཟབ་མོ་ཡིས། །
དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན།།
ཞིང་ཁམས་ཀུན་ཏུ་བདེ་སྐྱིད་ཕུན་ཚོགས་ཤིང་། །
སྣོད་བཅུད་ཞི་བདེས་ཁྱབ་པའི་བཀྲ་ཤིས་ཤོག །
སྐྱབས་འོག་པ་རིག་ཁུག་གིས་ཕུལ།
10
དགའ་བསུ་ཞུ།།
སྐར་ཆའི་དུས་ཀྱི་འཕོང་བས་དུས་རབས་འདིའི་ནང་། །
འབད་བརྩོན་ཉེར་ལེན་བྱས་པའི་འབྲས་བཟང་ཞིག་ལ།
ཤེས་རབ་རིག་པའི་བལྟ་བ་རྒྱང་བསྐྱེད་གཏོང་བཞིན། །
རྒྱལ་སྤྱིའི་གླེང་སྟེགས་ཞིག་ནས་གཏམ་བཟང་དེ་འདྲ།།
དོན་བཟང་ལས་བཟང་ཞིག་གིས་འགྲུབ་པར་ཤིས་སོ།།
གཡས་གཡོན་དྲི་མའི་གཡོ་ལེན་རྒྱབ་ཏུ་བོར་ཞིང་། །
མདུན་རྒྱབ་བཀག་རྡོ་གང་དག་ཐབས་ཀྱིས་བསལ་ཏེ།།
མ་བགོས་སྤྱི་ནོར་འདི་ཚོའི་ལས་དབང་བསམ་བཞིན། །
དེང་རབས་འཕྲུལ་དང་སྦྲེལ་ཏེ་གླིང་ཆེན་འདི་རུ།།
དཀར་དམར་སྣུམ་ལ་འདྲིལ་བའི་ནོར་མཆོག་བསྐྲུན་ནོ།
དེས་ན་ཡ་གླིང་ཏོག་འདིའི་ཚེ་སྲོག་ཞིག་དང་། །
འོ་ཅག་བོནད་འབང་དག་གིས་དམིགས་ཀྱི་སྙིང་པོ།།
མདོར་ན་གང་དགོས་ཕན་བདེའི་གང་དག་འབྱུང་གནས། །
འོད་དུ་འཁྱུག་ཞིང་ཟེར་དུ་འཕྲོ་བཞིན་བརླབས་པར།།
ཕ་ནོར་བུ་བཞག་དྲིན་འདིའི་དྲིན་ངོ་ཤེས་ཡོད།།
མར་མེ།།
11
དཔོན་གསས་བླ་མར་ལ་ཕུལ་བའི་མཆོད་སྤྲིན།
ཁྱུང་དཀར་སྟག་ཚ།
ཁ་བ་གངས་ཅན་ལྗོངས་ཀྱི་ཞིང་ཁམས་སུ། །
སངས་རྒྱས་བསྟན་པའི་ཁྱུ་མཆོག་སྐྱེས་བུ་སྟེ།།
བརྩེ་ཆེན་ཐུགས་རྗེའི་མངའ་བདག་གསེར་གྱི་སྒྲོན། །
ལྷོ་རྒྱལ་འཛམ་གླིང་དབུ་རྩེ་སྒང་ནས་གྲགས།།
བཅུ་ཕྲག་རིག་པའི་རྒྱ་མཚོའི་ཀློང་ཡངས་སུ། །
ཞྭ་དཀར་གཡུང་དྲུང་བསྟན་པའི་ནོར་བུ་ཞིག།
བསིལ་ལྡན་འོད་བརྒྱ་འབར་བའི་ཟིལ་ཐིག་ཏུ། །
རླབས་ཆེན་གཏིང་མཐའ་བསགས་པའི་བདེན་དཔང་སྤྲོས།།
གཤེན་རབ་བླ་མའི་བཀའ་བརྟེན་རིན་པོ་ཆེ། །
འཛིན་སྐྱོང་སྤེལ་བ་ཞུམ་པ་མེད་ནི་ཞིག།
གྱེར་བསྟན་འདེགས་པའི་བྱེད་པོ་ཁྱུང་ཕྲུག་ཅིག །
ལྷོ་རྒྱལ་གངས་རིའི་རྩེ་ནས་གཟི་མདངས་འཕྲོས།།
མཚར་སྡུག་ངུར་སྨྲིག་འཛིན་པའི་མཚན་དཔེ་རྫོགས། །
རླབས་ཆེན་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང་།།
ཤེས་ལྡན་མཁས་སློབ་གང་འདོད་རེ་སྐོང་སྟེ། །
བསྟན་འཛིན་སྐྱེས་མཆོག་འོད་ཟེར་སྦྱིན་པ་བསྔགས།།
གངས་རིའི་མེ་ཏོག་བརྩེ་བའི་འཛུམ་གྱིས་རླབས། །
ལེགས་བྱས་རླབས་ཆེན་ཕན་བདེའི་འོད་སྣང་གསལ།།
རྣམ་དཀར་ཚོགས་གཉིས་རྫོགས་པའི་བླ་མ་མཆོག །
སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པར་སྨོན།།
2018/5/19ཉིན།
12
དཔོན་གསས་བླ་མའི་མཛད་འཕྲིན་གྱི་ཆ་ཙམ་ལ་བསྟོད་པ།
ཨ་ཁུ་དྲང་ཉི།
སྐུ་ཡི་བཀོད་པ་སྒང་དྲུག་རི་ལ་བཞད། །
གསུང་གི་ཟམ་གདམས་ལས་ལྡན་བུ་ལ་བརྩལ།།
ཐུགས་ཀྱི་དགོངས་པ་རྒྱལ་བསྟན་སྐྱོང་ལ་བྲེལ། །
གསེར་གྱི་སྒྲོན་མེ་འོད་ཟེར་སྦྱིན་པར་འདུད།།
སྔོན་བྱོན་མཁས་གྲུབ་དམ་པའི་དགོངས་བཅུད་དེ། །
བཀའ་ཡི་དགོངས་དོན་དཀྲོལ་བའི་ལགས་བཤད་དག།
ཕྱོགས་གཅིག་བསྡུས་པ་བཀའ་རྟེན་དཔེ་རྙིང་ཞེས། །
གླེག་བམ་སྔོན་པོ་སྦྲང་ཆར་ཇི་བཞིན་བསྙིལ།།
གཤེན་རབ་བསྟན་པའི་ཕུག་ནོམ་དག་མ་སྟེ། །
རྒྱལ་བའི་གསུང་རབས་སྒོ་བཞི་མཛོད་ལྔའི་བོན།།
དེང་རབས་ཚན་རྩལ་རིག་པ་གྲོགས་བསུས་ནས། །
ས་ཆེན་གོ་ལའི་སྒང་དུ་ཁྱབ་པར་མཛད།།
ཉིད་ཀྱི་ཚེ་དང་ལུས་དང་ལོངས་སྤྱོད་དག །
གཤེན་རབ་བསྟན་ལ་འཕོང་མེད་གཏོང་ཞེས་གསུང་།།
དེ་ནི་དེ་བཞིན་ལག་ལེན་བསྟར་བ་ཡིས། །
འོད་ཟེར་སྦྱིན་པའི་མཚན་སྙན་དོན་ལ་གནས།།
2018.05.19
13
རྟེན་འབྲེལ་གྱི་མཆོད་པ་མེ་ཏོག་ཆུན་པོ།
སེང་ཚ།
སོར་མོའི་བྲོ་གར་རྒྱུད་མང་གཞུང་དུ་འཁྲབ། །
ངག་རིག་གླིང་བུ་ཨུད་དཔལ་འདབ་མས་འབུད།།
རྭ་གཉིས་འདོད་ཁམས་འཕེན་པའི་མཚོ་བྱུང་མ། །
བདག་བློའི་རྐང་དྲུག་གཤོག་ཟུང་འཐེན་ལ་བྲེལ།།
དད་པའི་རྣམ་དཀར་གངས་རིའི་མགུལ་དུ་འཁྲིལ། །
རིག་པའི་འཕར་རྩ་གཤེན་བསྟན་རློན་པས་ནེམ།།
བསྐལ་ཁུག་དུས་ཀྱི་སྐར་ཆེན་བྱོན་པའི་གཙུག །
འོད་ཟེར་མཚན་འཆང་གངས་ཀྱི་རིག་གནས་གཉེན།།
མི་ཁའི་མདའ་ཚལ་སྙིང་ཤ་རློན་པས་གཤགས། །
དགྲ་གྱོད་ཁ་མཆུའི་རལ་གྲི་ལྟག་པར་གཡུག །
འགྲན་རྩོད་མེ་རླུང་འཚུབ་མའི་འཁོར་བའི་ཚལ། །
འཛུམ་དྲུག་སྟག་མོའི་སྙིང་སྟོབས་རྡོ་ལ་བརྐོས།།
ཆིག་ཁྲིའི་བསྭོ་སྒྲར་དད་པའི་སྤྱན་ཆབ་ཕུལ། །
སྒོ་མཛོད་དཔྱིད་ཀྱི་ལྗང་མྱུག་གསོས་པ་ཡིས།།
ལེགས་བྱས་སྐྱེ་རྒུའི་མིག་གི་དགའ་སྟོན་ལས། །
ཇོ་གླང་བྱ་དགའི་འོས་བབས་ཅིས་མི་སྲིད།།
དམངས་གཙོའི་རྣམ་ཤེས་དྲུང་ནས་མ་ཡལ་ཅིང་། །
རིས་མེད་སློབ་ཚོགས་གྲངས་ཀྱི་རྗེ་བོ་སྟེ།།
མཛད་འཕྲིན་མཁོ་ཉག་མུན་གདུང་སྒྲོན་མེ་ལ། །
ཅོ་འདྲིའི་བསྟོད་དབྱངས་འབུལ་ལ་ངལ་དུབ་ཅི།།
རྣམ་མཁྱེན་ཞལ་དཀྱིལ་འཛུམ་ཁ་ཡོད་གྱུར་ན། །
དེ་ནི་ཁྱེད་ཀྱི་མཛད་པའི་ལེགས་བྱས་ངེས།།
ཁྱུང་ཡུལ་ཕ་སྐད་གདངས་སྒྲ་གྲགས་པ་ཡང་། །
ཁྱེད་གསུང་སློབ་གསོའི་དྲི་བསུང་འཐུལ་བས་ཀྱང་།།
མཚན་མོའི་མིག་གི་རྗེས་འཆིང་མིན་ངེས་ཤེས། །
ལིང་ཏོག་ལོག་པའི་སྤྱན་ལ་ཞུགས་མིན་ན།།
གཟུ་བློའི་དྭངས་བ་འདྲེན་པའི་མཛད་བཟང་འདིར། །
དད་པའི་རླབས་དཀར་འཕྱུར་བར་མི་སྲིད་ཅི།།
སྐྱོན་ཆའི་ཁབ་རྩེ་རྒྱང་ཤེལ་ནས་ཀྱང་འཚོལ། །
དགེ་ལེགས་མཛད་པ་རི་རབ་མི་རིག་པའི།།
དུག་སྦྲུལ་ཉལ་ཚང་གསོག་པའི་ཀུན་གཤིས་ལ། །
ལུས་ཁམས་འཁྲིས་ནད་ཕོག་པ་གཏན་དུ་རྟོགས།།
རྣམ་དཔྱོད་ལྷག་བསམ་དོ་ཟླར་མི་ཡོང་ཞིང་། །
ལེགས་ཉེས་བླང་དོར་ཕྱོས་ལས་རྒྱལ་བ་འདིར།།
མི་དགའི་མུག་གཏམ་ཤོད་ལ་འབད་པ་ནི། །
ཕྲག་དོགས་ཡིན་པ་ཙམ་ལས་རྒྱུ་མཚན་བསྐལ།།
2018/5/19ཉིན།
14
མཛད་བཟང་ལ་རྟེན་འབྲེལ་ཞུ།
ཐོད་དཀར་སྲས་འདི་གངས་རི་གསལ་བའི་རྒྱན། །
སྒོ་མཛོད་གླེགས་བམ་གངས་ཅན་པ་ཡི་ནོར། །
གྱེར་བསྟན་བདག་པོ་གངས་རིའི་གཙུག་ཏོར་ཏེ། །
རིན་ཆེན་གསུམ་པོ་གངས་ཅན་ཕྱག་གི་ཡུལ། །
གཞན་དོན་སྒྲུབ་ལ་མི་ངལ་བས། །
གཤེན་བསྟན་འདེགས་ལ་ཅིའི་ཕྱིར་ངལ། །
དུས་མཐའི་རྒྱལ་སྲས་མཛད་བཟང་ཅན། །
འོད་ཟེར་མཚན་འཆང་དགེ་ལེགས་སྩོལ། །
ཞལ་ཕྱག་མཐུན་པའི་མཛད་པ་ལས། །
གསུང་རབ་སྒོ་མཛོད་གླེགས་བམ་ཞེས། །
སྔར་མེད་རིན་བྲལ་རྟེན་བཞག་འདི། །
ཁྱེད་ལས་གཞན་པས་ནུས་པ་མིན། །
གྲོགས་ཀྱི་དྭངས་མ་སོ་བསྟན་གྱིས། །
སྐད་འཕྲིན་བརྒྱུས་ནས་གཏམ་བཟང་དུ། །
ཀྲུང་གོའི་བོད་རིག་ཞིབ་འཇུག་གི །
ཇོ་མོ་གླང་མའི་བྱ་དགའ་དེའི། །
སྐྱབས་རྗེ་དཔོན་གསས་བླ་མ་ཡི། །
མཛད་པ་རྒྱ་མཚོའི་འཇིངས་ངོས་ལས། །
ཆུ་ཐིགས་ཙམ་སྟེ”དཔར་བསྐྲུན་པའི། །
གཡུང་དྲུང་བོན་གྱི་བཀའ་འགྱུར་རམ། །
གསུང་རབ་སྒོ་མཛོད་གླེགས་བམ”ལ། །
ཨང་རིམ་གསུམ་པ་གནང་འདུག་ཅེས། །
དགའ་བ་བརྟས་པའི་གཏམ་འདི་ཐོས། །
ཨེ་མ་ངོ་མཚར་ཆེ་བ་ལ། །
ལུང་ལས་བོན་བསྟན་མཐར་དར་ཞེས། །
གསུངས་པ་འདི་ཡི་ནུས་མཐུ་འམ། །
བོན་ཉིད་བདེན་པའི་སྟོབས་ལགས་སམ། །
གང་ལྟར་དུས་འདིར་ཕྱོགས་ཀུན་ནས། །
བོན་དང་བོན་ཞེས་སྙན་པ་འབར། །
དེ་ཡང་བསྟན་འཛིན་སྐྱེས་མཆོག་གི །
མཛད་འཕྲིན་བཀའ་དྲིན་ལ་བརྟེན་ནས། །
གྱེར་བསྟན་གོ་ལའི་ཏོག་གྱུར་ཏེ། །
ནམ་ཡང་མི་ནུབ་མི་འཇིག་ཅིང་། །
སེམས་ཅན་དགའ་བདེར་བཀོད་པ་དང་། །
བདག་གཞན་མཉམ་པའི་སེམས་བསྐྱེད་ཀྱི། །
གདུང་བྱར་འཛམ་གླིང་གྱུར་བར་ཤོག །
2018/5/19/དགོང་མོ།
15
རྟེན་འབྲེལ་ཞུ།
རྒྱལ་གཤེན་སྟོན་པའི་དྲི་མེད་བཀའ། །
དེ་བརྟེན་མཁས་པའི་ཕྱེས་པ་ཡི།།
གསུང་རབ་ས་ཡི་རྡུལ་གྲངས་བཞིན། །
སྤེལ་བའི་བྱེད་པོ་འོད་ཀྱི་མཚན།།
སྔོན་སྨོན་བཟང་དང་འཕྲལ་རྐྱེན་ལེགས། །
མཚན་མཆོག་དོན་དང་ལྡན་ཡི།།
དུས་འདིར་སྟོན་པ་ལས་ལྷག་པའི། །
མངོན་གྱུར་མཛད་པས་ཡིད་རབ་འཕྲོག།
ལྷག་བསམ་ཁུར་ཆེན་འཕྲག་བཞེས་ནས། །
བསྟན་ཞབས་རེམ་པའི་བསྡུས་གཟུགས་ཏེ།།
ཇོ་མོ་གླང་མའི་གཟེངས་རྟགས་ཉིད། །
ཁྱེད་ཕྱག་སོན་ལ་རྟེན་འབྲེལ་ཞུ།།
ཉིད་ནས་གཟིགས་དགོངས་བཀྲམ་པའི་སར། །
འཕྲིན་ལས་གང་ཞིག་སྐྱོང་ན་ཡང་།།
མཐོ་བ་ཇོ་མོ་གླང་མ་བཞིན། །
མི་ནུབ་རྒྱལ་མཚན་ཚུགས་པར་ཤོག།
ཅེས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་ཨང་གསུམ་པ་༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ལ་ཐོབ་འདུག་པར་རྟེན་འབྲེལ་དུ་ས་ལེ་སྦྲམ་ནས་གུས་ཕུལ།
16
བདེན་དོན་གྱི་རྟགས་མ།
ཡབ་མེས་རྔ་གཤང་ཁྱེར་བའི་དུས་འགྱུར་ཁྲོད། །
གྲང་ངར་ལྷག་རླུང་གཅུན་པའི་གནའ་རབས་དེས།།
གསུང་རབ་མེ་ཆུས་གཤེགས་པའི་འབྱུང་དགྲ་དང་། །
མི་ཆེན་ཇུས་ངན་མོད་པའི་རིག་མཛོད་གཏོར།།
བན་བོན་བླ་སྤྲུལ་འགྲན་པའི་ཉམས་ཆག་དང་། །
གྲུབ་མཐའི་ཆགས་སྡང་འཕར་བའི་ངར་ཤུགས་དེས།།
གཅེས་ནོར་ཡབ་ཆེན་སྙིང་གི་གདམས་དོན་སོགས། །
བོད་ཀྱི་སྲིད་འབྱོར་ཉམས་པའི་ཡིད་སེམས་འཕང་།
དེ་རྗེས་རིག་གསར་འཛུགས་པའི་དུས་མཚམས་ནས། །
མེས་པོའི་དུར་ས་འཚོལ་བའི་གཏུམ་སྤྱོད་དང་།
རྙིང་པའི་ཟུངས་བཅུད་བཙིར་བའི་ངལ་རྩོལ་འོག །
མེས་པོའི་རིག་གཞུང་མཆོད་བཀུར་གཉེན་དུ་བྱས།།
ཤེས་རིག་གོམ་ཁ་གསར་བའི་ཉེར་གཅིག་འདིར། །
མི་རྒྱུ་ཚགས་གསུམ་བྱས་པའི་སྙིང་དོན་ནམ།།
མི་ཡུལ་དྲང་བདེན་སྐྱོང་བའི་སྒམ་ཚུགས་སུ། །
ཆེ་རྟགས་ཕྱག་ཁྱེར་ལེན་ལ་སྙིང་དམར་སྐྱོམས།།
ཕྱུག་པོས་ཁྲོམ་སྟོན་བྱས་པའི་རྔམ་རྫིག་དང་། །
སྤྲང་པོ་གཅེར་འཆམ་བྱས་པའི་སྲེད་ཉམས་སམ།།
མིང་གྲགས་སྒོར་གྱིས་ཉོས་པའི་ཚོང་དོན་དང་། །
མེད་པ་སྒྲོ་བཏགས་བྱས་པ་ཕག་ན་ཟད།།
མི་ཡུལ་བདེན་པས་སྐྱོང་བའི་དྲང་ཚུགས་ལས། །
མི་ངོ་རྒྱུ་ཡིས་ཉོས་པའི་ཕོ་ཐབས་དང་།
མི་ཆེན་ཟས་ཀྱིས་བསླུས་པས་ངོ་འཛུམ་གྱིས། །
ཆེ་རྟགས་ཕྱག་ཁྱེར་ལེན་ལ་ངལ་བ་ཟད།།
གསུང་རབ་དག་བཞེངས་བྱས་པས་རྒྱུད་རིམ་འོག །
མི་རྒྱུ་དཀའ་ཚགས་བྱས་པའི་སྙིང་དོན་ནམ།།
བདེན་པ་ཉམས་ལེན་བྱས་པའི་སྒོམ་རྟགས་སུ། །
ཆེ་རྟགས་ཕྱག་ཁྱེར་ལེན་ལ་དྭངས་རེ་སྤྲོ།།
སྐུ་འཁོར་པེ་ཅིང་ཆས་ཞིང་མཛད་འཕྲིན་དུ། །
སྒོ་མཛོད་གསུང་རབ་བཞེངས་པའི་ཆེ་རྟགས་སུ།།
བྱ་དགའ་དཔང་ཡིག་གནང་ཞིང་མཐར་དོན་དུ། །
བཀྲ་ཤིས་མེ་ཏོག་འཐོར་ཞིང་དགྱེས་ཕྱག་འཕུལ།།
རྩ་བླ་འོད་ཟེར་སྦྱིན་པའི་མཛད་འཕྲིན་གྱི་ཆ་ཤས་ལས་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིག་ཁང་གིས་དག་བསྒྲིགས་མཛད་པས་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དཔར་བསྐྲུན་གྱི་གྲུབ་འབྲས་ལ་ཐེངས་ལྔ་པའི་རྒྱལ་ཡོངས་ཀྱི་བོད་རིག་པ་ལས་དོན་མཐུན་སྦྱོར་འཚོགས་འདུའི་སྐབས་“ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་”བྱ་དགའ་ཨང་གསུམ་པ་ཐོབ་འདུག དེར་བརྟེན་སྐྱབས་རྗེ་བླ་མ་མཆོག་གི་མཛད་བསྟོད་དང་འབྲེལ་རྒྱལ་ཁབ་རིམ་པའི་བྱ་དགའི་རྟེན་འབྲེལ་གྱི་སྨོན་ཚིག་ཏུ་”ཁྲ་སྣང་དགས་”བྲིས།།
17
བླ་མའི་མཛད་བཟང་ཨེ་མ་ཧོ།
དཔལ་ལྡན་བླ་མ་བསྟན་འགྲོའི་ལས་དོན་ལ། །
བཟོད་དང་བརྩོན་འགྲུས་གྲོགས་སུ་སྦྲན་ནས་ནི།།
དུས་ཚོད་གོ་སྐབས་མཐུན་རྐྱེན་ཡོད་དོ་ཅོག །
ལེ་ལོས་མ་ཁྱེར་དལ་འབྱོར་དོན་ཡོད་ལ།།
གཏོང་པར་ནུས་པའི་བླ་མའི་མཛད་བཟང་དག །
བསྟན་ལ་སྨིན་ཞིང་སེམས་ཅན་བདེ་རྩ་རུ།།
འགྲོ་བར་མཐོང་དུས་རྗེ་གཅིག་བླ་མ་ཉིད། །
རྒྱལ་བ་མཆོག་དང་དབྱེེར་མེད་དད་འདུན་གྱིས།།
མཆོག་ཏུ་བཀུར་ཞིང་རླབས་ཆེན་མཛད་བཟང་རྣམས། །
བཞེད་དགོངས་གེགས་མེད་འགྲུབ་པའི་སྡོང་གྲོགས་སུ།།
སྟོང་ཆེན་དབྱིངས་ལས་བསྟན་དང་བསྟན་འཛིན་རྣམས། །
མ་ཡིས་བུ་ལྟར་སྐྱོང་ཕྱིར་མཚན་བཅས་གྱི།།
རྣམ་བཞི་འཕྲིན་ལས་གར་དུ་སྒྱུར་བ་པོ། །
མ་བདུད་བཙན་གསུམ་ཐུགས་སྐུལ་ཤུགས་དྲག་བཅས།།
མཚམས་སྒྲུབ་ལས་ཀྱི་བོན་སྒོར་འཇུག་པ་པོ། །
དཀར་རིལ་མིང་པས་སྤྲོ་དགའ་དང་བཅས་ཕུལ།།
ཞེས་བླ་མའི་མཛད་པ་རྣམས་བསྟན་འགྲོ་གཉིས་ཕན་དུ་མཐོང་བཞིན་དགའ་བ་བླ་ལྷག་དང་དད་འདུན་ཤུགས་དྲག་རྒྱུ་བའི་ཐུན་མཚམས་ནས་མཚམས་པ་དཀའ་རིལ་གྱིས་ཕུལ།
18
རྟེན་འབྲེལ་སྙིང་ནས་ཞུ།
ཁྱེད་ཀྱི་མཛད་བཟང་ནམ་མཁའི་མཐའ། །
བདག་འདྲས་སྨྲ་བར་མི་སྤོབས་ཀྱང་།།
གང་ལྟར་བསྟན་འགྲོའི་དོན་ཆེན་པོ། །
འབྲལ་མེད་སྐྱོང་འདི་ཨེ་མ་ཧོ།།
ལྷག་པར་རྒྱལ་བའི་བཀའ་གཙང་མ། །
ག་དར་འཕྲུལ་གྱི་རྩལ་བསྡེབས་ནས།།
འཛམ་གླིང་ཡོངས་ལ་སྤེལ་བ་འདིའི། །
མཚན་སྙན་གཟེངས་རྟགས་བཞེས་ལ་བསྟོད།།
ཁྱོད་ལགས་བོན་དང་བོད་ཀྱི་རྒྱན། །
སྐུ་ཚེ་གཡུང་དྲུང་གཤིས་སུ་བཞུགས།།
རླབས་ཆེན་བསྟན་འགྲོའི་དོན་པོ་ཆེ། །
མུ་ནས་མུ་རུ་རྒྱས་པར་སྨོན། །
གདོང་བཙུན་རྒྱ་ཐར་ནས་སྨོན་ནོ།། ༢༠༡༨/༥/༡༩
19
གཤེན་ཡ་ངལ་ཁྲི་རྒྱལ།
གཞན་གྱི་དོན་ལ་ཐུགས་བསྐྱེད་མཁའ་ལྟར་ཡངས། །
ཚངས་རྒྱུངས་འདི་ན་སྙན་པ་ཕྱོགས་བཅུར་རྒྱས།།
དབང་དང་གདམས་པས་སྐལ་ལྡན་སྨིན་གྲོལ་མཛད། །
རྒྱ་མཚོ་ནོར་བུ་གདུལ་བྱའི་སྙིང་ནོར་ཡིན།།
སྔོན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་བཞིན། །
མཁས་ཤིང་བཙུན་ལ་རྫོགས་ཤིང་སྨིན་པ་ཡི།།
ཞང་བོད་མེས་པོའི་རིག་གཞུང་རྒྱུད་འཛིན་མཆོག །
འོད་ཟེར་སྦྱིན་པ་སྲིད་གསུམ་སྐྱེ་རྒུའི་མགོན།།
ཁྱེད་ཀྱིས་སྤེལ་བའི་སྒོ་བཞི་མཛོད་ལྔའི་བོན། །
ཁྱེད་ཀྱིས་བཞེངས་པ་སྐུ་གསུང་ཐུགས་ཀྱིི་བསྟན།།
ཁྱེད་ཀྱིས་བསྐྱངས་པ་ཉམས་ཐག་ཁྲི་ཁྲི་འབུམ། །
ཁྱེད་ཀྱིས་མཛད་རྗེས་བསྟན་འགྲོའི་ཏོག་ཏུ་འགྱིང་། །
ཐུགས་ཉིད་དགྱེས་པ་ཆེན་པོའི་ངང་ཚུལ་གྱིས། །
བསྟན་འགྲོ་སྤྱི་ལ་སྨན་པའི་ལེགས་ཚོགས་རྣམས།།
སྩལ་མཛད་དཔོན་གསས་བླ་མའི་མཛད་རྗེས་དེ། །
ནོར་འཛིན་བུ་མོས་ཐེག་འདི་ཨེ་མ་རྨད།།
༢༠༡༨:༥;༡༩ལ།
20
རླབས་ཆེན་གྱི་མཛད་རྗེས་ལ་ཡི་རངས་ཞུ།
ལྷ་བུ་བློ་བཟང་།
སྲིད་ཞུའི་སྣང་བ་གསལ་མཛད་གཉེན་གྱི་མཆོག།
མ་རིག་ལོག་ལྟའི་ཀླད་འགེམས་མི་ཡི་སེང་།།
ཡང་དག་ཐར་བའི་སྒོ་འབྱེད་དམུ་སྲས་ཀྱི།།
བོན་སྒོ་ཐེག་པའི་དགེ་མཚན་བླ་ན་འབར།།
གཤེན་གྱི་བསྟན་ལ་ཐུགས་སྟོབས་རྣམ་པར་དག།
འགྲོ་བའི་ལས་ལ་བྱམས་བརྩེ་རིས་སུ་བྲལ།།
བསྟན་སྲིད་ཉི་ཟླའི་འཁོར་ལོ་ཕྱག་གིས་བཏེགས།།
སྐྱབས་མཆོག་བླ་མ་ངེས་དོན་རྒྱལ་བའི་སྲས།།
འཛམ་གླིང་རིག་གནས་ཀུན་ཀྱི་ཡང་རྩེ་རུ།།
བསྔགས་པའི་ཞང་བོད་རིག་པའི་ཕྱི་མོ་སྟེ།།
རྣམ་འདྲེན་བརྒྱད་པའི་འཕྲུལ་གྱི་བཀའ་གླེགས་རྣམས།།
གོ་ལའི་ཕྱོགས་ཀུན་སྤེལ་བར་སུ་མི་གུས།།
ཞེས་ཁྱུང་པོ་སྟེང་ཆེན་དགོན་པའི་དབུ་བླ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ལ་ཡི་རངས་དང་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་སྨོན་ཚིག་འདི་ལྷ་བུ་བློ་བཟང་གིས་རང་ཤག་ལྔ་རིག་རྩེན་པའི་སྤྱིལ་ཆུང་ནས་གུས་པས་ཕུལ།
21
སངས་རྒྱས་གཤེན་རབ་མི་བོའི་གསུང་གི་བཅུད།།
བོན་བསྟན་ཉི་མ་གཞོན་ནུའི་སྲོག་གི་རྒྱུན།།
འཕྲུལ་ཆེན་ཡི་གེར་བྲིས་པའི་རྒྱལ་བའི་བཀའ།།
ཕྱོགས་སུ་དྲིལ་བའི་ལས་ཀྱི་འཁོར་ལོ་བསྐོར།།
ཉེར་གཅིག་དེ་རིང་ཉི་མའི་དཀྱིལ་འཁོར་ལ།།
ཚན་རིག་འགྲོས་ཀྱི་བང་ལ་རབ་བསྟུན་ཞིང་།།
དཔེ་ཀློག་ཐོས་བསམ་བུ་ལ་ཆེད་དམིགས་པའི།།
བཀའ་ཡིག་དེབ་ཏུ་བསྐྲུན་པར་ཨེ་མ་རྨད།།
དེ་བཞིན་བྱ་བ་ལས་ཀྱི་འཁོར་ལོ་ལ།།
རྒྱལ་ཡོངས་བོད་ཀྱི་རིག་པ་ཉམས་ཞིབ་པའི།།
ཇོ་མོ་གླང་མའི་བྱ་དགའ་ཆེད་གནང་བར།།
བཀྲ་ཤིས་རྟེན་འབྲེལ་ཙམ་གྱི་ཚབ་ཏུ་ཕུལ།།
ཞེས་ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་གི་རྒན་མིང་ཙམ་འཛིན་པ་ཨ་སྣང་པེ་ནས་གུས་པའི་ཕུལ་བའོ།།
22
མཛད་འཕྲིན་གྱི་དབྱར་རྔ།
མ་གྱུར་འགྲོ་བ་ཡོངས་ཀྱི་དོན་དགོངས་ནས།།
ཟག་བཅས་སྡུག་ལྡན་ཕུང་བོ་བདེར་འགོད་ཕྱིར།།
ངལ་བ་ཆེད་དུ་བསད་པའི་མཛད་པ་དེས།།
བོན་བསྟན་ནུབ་མེད་དར་ཆ་དབྱིངས་སུ་བསྒྲེངས།།
འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་རུ།།
ཁྱེད་ཀྱི་བརྗོད་མེད་མཛད་རྗེས་ཟབ་མོ་དེ།།
གཡུ་འབྲུག་སྔོན་མོའི་སྐད་གསང་ལྡིར་བ་བཞིན།།
འགྲོ་བ་ཡོངས་ཀྱི་ངག་ན་ལྷོད་མེད་གྲགས།།
སྐུ་ཡི་མཛད་འཕྲིན་བོན་བསྟན་སྐྱོངས་ལ་མཁས།།
གསུང་དབྱངས་འགག་མེད་ཐོས་འཛིན་ཡོངས་ཀྱི་བཅུད།།
ཐུགས་རྗེ་འགྱུར་མེད་རི་རྒྱལ་ཇི་བཞིན་བརྟན།།
རླབས་ཆེན་སྐྱེས་བུའི་མཛད་འཕྲིན་རབ་ཏུ་རྨད།།
སྣང་རྒྱལ་དགེ་བཤེས་བསོད་ནམས་བརྟན་ནས།
23
གསུང་གི་གཉེན་དཔོན་ཤིས།།
རྒྱ་གཞུང་སྣ་མང་བོད་ལ་མ་འདྲེན་གོང་།
བོན་གཏེར་སྒྲོམ་བུ་རིན་ཆེན་སྣ་ལྔས་གཡོགས།།
རང་གི་མཁས་གྲུབ་གསེར་རི་ཚུལ་དུ་བརྗིད།།
ལུས་སྲོགས་བློས་གཏོང་རིག་གཞུང་རྒྱ་མཚོའི་ཆེད།།
མེས་པོ་སྟོང་གི་གསོན་ཤུགས་ཡོད་དོ་ཅོག།།
དུས་མཚམས་ཞིག་གི་རླུང་འཚུབ་དམར་པོ་ཁྲོད།།
ས་རྡུལ་གསེང་དུ་གབ་པའི་ཁྲག་རྒྱུན་ཡིན།།
ལས་ཀྱི་བསྐལ་བ་མ་དབེན་སྐལ་བཟང་ཤར་།
འདྲ་མཉམ་རིག་གནས་སྐྱོབས་པའི་དུས་བཟང་འོག།
སྒོ་མཛོད་གླེག་བམ་ནམ་མཁའི་ཐིག་ལེ་འགྲན།།
སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱིས།།
དཀའ་བ་དང་ལེན་ངལ་ཁྱད་བསོད་འབྲས།།
ལྷག་བསམ་ཅན་གྱིས་བླ་མའི་མཛད་པར་སྔགས།།
སེམས་ནད་ཚོ་ཡིས་ཟུར་ཟ་སྐྱོན་བརྗོད་བྱེད།།
གཤེན་རྒྱལ་གསུང་གི་བསྟན་པའི་གཉེན་དཔོན་ཤིས།།
གསུང་རབ་༡པོད་དང་དེབ་གཟུགས་བསྒྲིཊ་པ་ཡི།།
ད་ལན་བྱ་དགའ་ཐོབ་པའི་གཏམ་བཟང་འདི།།
ཁྱེད་ཀྱི་མཛད་འཕྲིན་རྒྱལ་བའི་གཞི་མ་ཡིན།།
མ་འོངས་བསྟན་འགྲོ་དོན་ཆེན་འགྲུབ་པའི་རྟགས།།
གཤེན་རྒྱལ་གསུང་གི་བསྟན་པའི་གཉེན་དཔོན་༢ཤིས།།
༡ བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་བཀའ་ལའོ་། ༢ ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་པ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུ་ལའོ། སེ་ངར་ལྕགས་ནས་སོར་བཅུ་སྙིང་ལ་སྦྱར་ཏེ་ཕུལ་ལོ།།
24
བསྟོད་ཚིག་ཏམྦུ་ར་ཡི་སྒྲ་དབྱངས།
ཁྲི་རིག་པའི་མདའ།
རྣམ་བཀྲའི་སྐུ་ལ་ཟག་མེད་མཚན་དཔེ་རྫོགས།།
འགག་མེད་གསུང་ལ་ཚངས་དབྱངས་དྲུག་ཅུ་འཁྱིལ།།
སྤྲོས་བྲལ་ཐུགས་ལ་མཁྱེན་གཉིས་ཉི་ཟླ་འབར།།
འོད་ཟེར་སྦྱིན་པས་འདི་ཕྱིའི་ལམ་སྣ་དྲོངས།།
ལྷ་ཆེན་རུ་དཔུང་འཐུག་སའི་རུ་གྲལ་ནས།།
རྣམ་བཀྲའི་འོད་ཀྱིས་གཤོག་པ་དལ་བརྐྱངས་ཏེ།།
བསོད་ནམས་གཡང་འཛོམས་མངལ་གྱི་ནམ་ཀ་རུ།།
ཁྱད་མཚར་ཉམས་ཀྱི་ལྡོག་སྟེ་དལ་གྱིས་འཕུར།།
རུ་ངའི་མཁར་རྫོང་བཙན་པོས་བྲག་རོང་དུ།།
མི་ཁའི་ཚེར་མ་གྱོན་ཏེ་མདུན་དུ་ཕེབས།།
ལུས་ངག་ཡིད་གསུམ་ཚིགས་ཀྱི་བར་གསེང་ན།།
གཞན་དོན་བརྩེ་བ་ཆེན་པོའི་ཁྲག་རིས་མཆེད།།
ཕན་སེམས་རྫ་ཆབ་དྭངས་མོའི་བཞུར་རྒྱུན་ལས།།
བཤད་སྒྲུབ་པད་དཀར་ལྗོན་པའི་འདབ་ལོ་བྲུལ།།
དྲི་མེད་འཆད་རྩོད་རྩོམ་པའི་བསུང་ཞིམ་ལ།།
བསོད་ལྡན་དམར་སེར་བུང་བ་ངང་གིས་འདུས།།
ལོ་ངོ་དུ་མར་ཉོན་མཐོང་ཕྲག་བཞེས་ཏེ།།
ཞང་བོན་དཔེ་རྙིང་དཔྱད་བསྡུར་རབ་བྱས་ནས།།
ཉིང་བཅུད་སྒོ་མཛོད་གླེགས་བམ་ཉིས་བརྒྱ་ཅན།།
རྒྱུ་སྤུས་དོན་ཆེ་ཕྱོགས་བཅུའི་སྤྱན་ལ་བསྟར།།
ད་དུང་དེ་དང་དེ་བཞིན་རྣམ་དཀར་བོན།།
སྦྱིན་པར་བསྩལ་བ་སོ་སྐྱེས་གཞལ་མི་ཐུབ།།
མདོར་ན་ལུས་ཅན་སེམས་དང་བསམ་པས་གསོས།།
ཏ་ཟིག་གླིང་ནས་བྱོན་པའི་དམུ་རྒྱལ་བཞིན།།
དཀའ་ཁྲི་མྱོང་བརྒྱས་བསྲུབས་པའི་འོ་མཚོ་ལས།།
ཀྲུང་གོའི་བོད་ཀྱི་རིག་པ་ཞིབ་འཇུག་གི།
ཇོ་མོ་གླང་མའི་བྱ་དགའི་༣མར་གསར་འཁྲུངས།།
ཨེ་མ་དགའ་འོ་བདག་འདྲའི་སྐལ་ལྡན་རྣམས།།
ཕྱོགས་ལྷུང་ནད་ཀྱིས་ཟིན་པའི་ཡིག་འབྲུ་མེད།།
ཆེ་བཤད་འབྲུག་གི་སྟོང་སྒྲ་དེ་བས་ཀྱང་།།
ལེགས་བྱས་ཚོགས་ལ་བསྟོད་ཚིག་ཏམྦུ་ར།།
རྣམ་འདྲེན་བླ་མའི་ཞབས་པད་བརྟན་ཕྱིར་སྒྲོག།
༧. སངས་རྒྱས་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་ཁྱུང་པོ་སྟེང་ཆེན་དགོན་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་གི་མཁན་པོ༧ཚོགས་གཉིས་རྒྱ་མཚོ་ནོར་བུ༧རིན་པོ་ཆེ་མཆོག་གི་མཛད་འཕྲིན་གྱི་ཆ་སྟེ། གསུང་རབ་སྒོ་མཛོད་རིན་པོ་ཆེ་དཔར་བསྐྲུན་གྱི་ཐད་ན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་སྐབས་བཞི་པའི་ཇོ་མོ་གླང་མའི་གཟེངས་བསྟོད་ཨང་གསུམ་པ་ཐོབ་པར་རྟེན་འབྲེལ་ཞུ།
25
སངས་རྒྱས་ཕེབས་ཤུལ་བསྟན་པ་བཞག་པ་སྟེ།།
བརྒྱད་ཁྲི་བཞི་སྟོང་སྒོ་མཛོད་བོན་གྱི་སྡེ།།
ཞང་བོད་རིག་གཞུང་ཟབ་མོ་འཛམ་གླིང་རྒྱན།།
གསུང་རབ་འཛིན་སྐྱོང་སྤེལ་གསུམ་གནང་བ་ལ།།
འོལ་གླིང་གཤེན་རྒྱལ་ཚང་གི་གདུང་ཚོབ་བཞིན།།
གྱེར་བསྟན་དགུང་ལ་འདེགས་པའི་ཀ་ཆེན་ཏེ།།
ཁྱུང་དབུས་བླ་མ་འོད་ཟེར་སྦྱིན་པ་མཆོག།
ཁྱེད་ཀྱི་གསང་གསུམ་མཛད་པའི་ཕྲིན་ལས་ཆེ།།
འཛམ་གླིང་ལྡིང་ཆའི་ཁྲོད་ནས་འབར་བ་ལ།།
ཕྲག་དོག་རུ་ངའི་ལོག་སེམས་རྒྱབ་དོར་ནས།།
གུས་ཡངས་དགའ་སྤྲོའི་ངང་ནས་རྟེན་འབྲེལ་ཞུ།།
མཆོག་ཉིད་འགྲོ་བའི་གཙུག་ཏུ་རྒྱལ་འགྱུར་ཅིག།
འབྲིང་རྒྱུད་པས།
26
སྙིང་དབུས་ཀྱི་བླ་མ་ལགས།
སངས་རྒྱས་བསྟན་པའི་མངའ་བདག་ཆེན་མོ་བ།།
འཛམ་གླིང་བསྟན་འཛིན་དབུས་སུ་ཁྱད་པར་འཕགས།།
འགྲོ་ལ་སྣང་གསལ་སྦྱིན་པའི་རྟ་ལྗང་བཞིན།།
ཨེ་མ་འོད་ཟེར་སྦྱིན་པ་ངོ་མཚར་ཆེ།།
གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་བསྟན།།
འཛམ་གླིང་ཁྱབ་མཛད་ཐུན་མོང་རྣ་བའི་རྒྱན།།
ཁྱེད་ཀྱི་མཛད་བཟང་ཐུགས་བཅུད་ཟབ་མོ་རྣམས།།
དགའ་སྤྲོ་འདུན་པ་སྟོང་གིས་རྒྱན་དུ་ལེན།།
སྐྱབས་མཆོག་ཁྱེད་ནི་ཐར་པའི་ལམ་སྒྲོན་དང་།།
འདི་ཕྱིའི་བློ་ཕུགས་བཅོལ་སའི་སྐྱབས་གནས་ཏེ།།
བརྩེ་ཆེན་ཐུགས་ཀྱིས་སྐྱོང་བའི་བུ་སློབ་ཚོའི།།
མྱང་འདས་ལམ་ཡིག་སྩོལ་བའི་ས་མཁན་ཡིན།།
ཕྱི་ལ་བཀོད་ལེགས་ཁང་བཟང་བ་གམ་མཐོ།།
ནང་དུ་བཤད་སྒྲུབ་སྒོམ་གསུམ་ངུར་སྨྲིག་མཛེས།།
མགོ་ལ་བླ་མའི་མཛད་པ་ཉི་བཞིན་གསལ།།
འོག་ལ་འཁོར་སློབ་སྐྱེད་མོའི་ཚལ་ཆེན་རྒྱས།།
མི་རིགས་ལས་དོན་ཐུགས་ཀྱིས་མ་དོར་ཞིང་།།
བསྟན་དོན་རྣམ་ཀུན་བྲེལ་བའི་རེ་འབྲས་ལ།།
མཁས་དགུའི་དབུས་སུ་ཆེད་མཐོའི་དཔང་ཡིག་བསྣམས།།
རྒྱལ་ཁའི་གཟེངས་རྟགས་ཆུ་བུར་མིག་སྔུན་བཤམས།།
སྙིང་དབུས་བླ་མ་ཁྱེད་ལ་ཤུགས་ཀྱིས་འདུད།།
དད་འབངས་ཁྲི་སྟོང་མང་པོའི་སྐྱབས་མགོན་ཁྱེད།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྐྱབས་འཇུག་ཞུ།།
ཤེས་རིག་གོམ་ཁ་ཕྱོགས་པའི་བཙུན་ཆུང་ངས།།
སྙིང་དབུས་བླ་མ་ཁྱེད་ལ་མངོན་པར་སྟོད།།
བཙུན་མ་རྒྱལ་མཚན་དཔལ་མཛེས་ཀྱིས་ཚྭ་ནེའི་སྒྲུབ་གྲྭའི་ཐུན་གསེང་དུ་བྲིས།
27
བསྟོད་ཚིག་སྟག་སེང་ཁྱུང་འབྲུག
གསེར་གྱི་ཁ་བ།
གངས་ཀྱི་ཆུ་བཞི་ཆབ་ཀྱིས་དོན་སྣོད་བཀྲུས།།
གངས་ཅན་ཏི་སེའི་རང་འོབས་གཤིས་སུ་རྫོཌ།།
གངས་རིའི་མདངས་ཀྱི་ཁ་དོག་མ་ཡལ་བ།།
གངས་ཀྱི་སེང་ཕྲུག་རྒྱ་མཚོ་ནོར་བུར་བསྟོད།།
ཁྱུང་གི་དཔའ་རྩལ་རྒོད་པའི་བློ་ཤུགས་ལྡིང་།།
ཁྱུང་ཡུལ་ལྔ་རིག་དག་ཞིང་དགའ་ཚལ་དུ།།
ཁྱུང་ཆེན་བསྐྱོད་ལ་འགྲན་པའི་སྙིང་སྟོབས་ཅན།།
ཁྱུང་ཕྲུག་རྒྱ་མཚོ་ནོར་བུ་བསྐལ་པ་བཟང་།།
རྒྱལ་སྟག་ནགས་ལ་མཆོངས་བའི་དཔུང་ཁྲོད་དུ།།
རྒྱལ་གཤེན་བསྟན་པའི་བཀའ་བརྟེན་ཕྲག་ཏུ་ཁུར།།
རྒྱལ་བའི་འབྲས་རྟགས་ཤར་རིའི་གོང་ཁ་ནས།།
རྒྱལ་ཐོབ་སྟག་ཕྲུག་རྒྱ་མཚོ་ནོར་བུར་བསྔགས།།
རབ་དཀར་བཀའ་བརྟེན་ཆུ་འཛིན་མཁའ་རུ་སྐྱོམ།།
རབ་བསིལ་པོད་དེབ་སྦྲང་ཆར་ཕྱོགས་སུ་ཕབ།།
རབ་མཛེས་ཚན་རྩལ་སྡེབ་སྦྱོར་དབང་པོའི་གཞུ།།
རབ་སྤེལ་གཡུ་འབྲུག་རྒྱ་མཚོ་ནོར་བུ་གྲགས།།
ལྷག་བསམ་འོ་མའི་རྒྱ༵་མཚོ༵་ཆེན་པོ་ནས།།
རྡུལ་བྲལ་ཡིད་བཞིན་ནོར༵་བུ༵་བོངས་རེ་མཐུག།
ཡོན་ཏན་ཁྲི་གདུཌ་འོད༵་ཟེར༵་སྤྲོས་མཛད་པ།།
གྱེར་བསྟན་སྤེལ་སླད་སྦྱིན༵་པ༵་མཆོག་ཉིད་རྨད།།
རླབས་ཆེན་གཤོག་རྩལ་ངོམ་སའི་མཁའ་དབྱིངས་སུ།།
བསྐལ་བཟང་ཇོ་མོ་གླང་མའི་གཟེངས་རྟགས་མངོན།།
དམ་པའི་མཛད་རྗེས་མཇལ་བས་དད་སྟོབས་ཀྱིས།།
དབང་མེད་ཚོར་རིས་སེམས་ཀྱི་ཀློང་ནས་འཕུར།།
ཞེས་བསྟོད་ཚིག་“སྟག་སེང་ཁྱུང་འབྲུག་”ཅེས་པ་འདི་ནི་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་དཔེ་བསྐྲུན་གྱི་གྲུབ་འབྲས་ལ་ཐེངས་ལྔ་པའི་རྒྱལ་ཡོངས་ཀྱི་བོད་རིག་པ་ལས་དོན་མཐུན་སྦྱོར་འཚོགས་འདུའི་སྐབས་“ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་”བྱ་དགའ་ཨང་གསུམ་པ་ཐོབ་པ་ལ་དགའ་དད་སྤྲོ་གསུམ་དང་བཅས་ནས་གུས་“ཨ་ནུ་བསྟན་པ་རབ་རྒྱས་”ཀྱིས་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་མཐའ་མཚམས་སུ་བྲིས་པའོ།།༢༠༡༨/༥/༡༩
28
རྟེན་འབྲེལ་ཞུ།
བརྒྱད་ཁྲི་བཞི་སྟོང་བོན་གྱི་སྒོ་མོའི་བཅུད།
རྒྱ་ཆེ་གཏིང་ཟབ་སྒོ་བཞི་མཛོད་ལྔའི་གཞུང་།
འཛམ་གླིང་ས་ཕྱོགས་གང་སར་བཀྲམ་མཛད་པ།
འོད་ཟེར་སྦྱིན་པའི་མཛད་འཕྲིན་དུས་ཀུན་རྒྱལ།
ཞང་བོད་ལྗོངས་འདིར་ས་སྐྱེས་རྡོ་སྐྱེས་ཆོས།
ཐུན་མིན་བོན་གྱི་གཤེན་རབ་སྟོན་པའི་བཀའ།
དེབ་གཟུགས་བསྐྲུན་ནས་རྒྱ་ཆེའི་ཀློག་པ་པོའི།
སྤྱན་ལམ་བསྟར་བ་ཨེ་མ་ངོ་མཚར་ཆེ།
ཁྱུང་སྟེང་བླ་མའི་མཛད་པ་ཡིད་རང་ཕྱིར།
ཀྲུང་གོའི་བོད་ཀྱི་རིག་གཞུང་ཞིབ་གླིང་ནས།
ཇོ་མོ་གླང་མའི་བྱ་དགའ་ཐོབ་པ་ལ།
ཕྲན་ཆུང་བདག་གིས་རྟེན་འབྲེལ་གྲངས་མེད་ཞུ།
བླ་མ་མཆོག་གི་སྐྱབས་འོག་ཏུ་ཚུད་པ་ནག་ནག་ནས།
29
དལ་གྱིས་ལྡིང་བའི་ཁྱུང་ཆེན་ཞིག །
ཨེ་མ། ཁྱུང་རབས་བླ་མའི་གདན་ས་ནས། །
རྩལ་གསུམ་གཤོག་དྲུག་རྫོགས་པའི་ཁྱུང་།།
སྲིད་རྩེའི་ཁྱུང་ཆེན་ལྡིང་བ་བཞིན།།
འཛམ་གླིང་དབུས་སུ་ལྷམ་མེར་ལྡིང་།།
གཡུང་དྲུང་བསྟན་པའི་བཀའ་བརྟེན་སོགས།།
ཀླད་ལྗང་འགའ་ཡིས་ཐལ་རྡུལ་གསེང་།།
གཡོ་འགུལ་མེད་པར་རྒྱས་གདབ་སྐབས།།
ཁྱེད་ཀྱིས་འཛམ་གླིང་མིག་སྔར་བཤམ།།
ལྟ་བ་བདག་མེད་བསྟན་པའི་གཞུང་།།
སྤྱོད་པ་ཞི་བདེ་འཚེ་བ་མེད་།།
སྒོམ་པ་མཐར་ཐུག་རྫོགས་པ་ཆེ།།
གཡུང་དྲུང་བོན་གྱི་སྙིང་པོ་ཞིག།
ཁྱེད་ཀྱིས་སྒོ་བཞི་མཛོད་ལྔའི་བོན།།
འཛམ་གླིང་གོ་ལའི་ལྟེ་འབུར་ནས།།
ཕྱོགས་བཞིའི་གཞལ་ཡས་སྒོ་ཕྱེས་ཏེ།།
ནང་པའི་ཆོས་ཕུགས་མཛོད་ངོ་སྤྲད།།
རྒྱལ་བུ་གསལ་མཆོག་དམ་པ་ཡིས།།
ནོར་བུ་བླངས་པའི་འགལ་རྐྱེན་བཞིན།།
གཞན་དོན་ལྷུར་དུ་ལེན་པའི་མོད།།
དཀའ་ཚེགས་སེམས་དཔའི་རྟུལ་ཕོད་བླངས།།
འགལ་རྐྱེན་ཕྱི་ནང་གསང་བ་ལས།།
དམ་ལྡན་བོན་སྐྱོང་སྲུང་མ་ཡིས།།
གཡས་སྐྱོལ་གཡོན་འདྲེན་སྡོང་གྲོགས་ལྷན།།
རྒྱལ་ཁའི་མཁའ་ལ་དལ་གྱིས་ལྡིང་།།
མུན་ནང་ཉལ་བའི་འབྱུང་པོའི་བྱ།།
ཉི་མ་ཤར་དུས་སྐྱོ་བ་བཞིན།།
ཁྱེད་ཀྱི་མཛད་འཕྲིན་མ་རངས་མཁན།།
བདུད་རྒྱལ་ཁྱབ་པའི་རྣམ་སྤྲུལ་ལོས།།
གཤེན་རབ་སྟོན་པས་ཀོང་ཡུལ་དུ།།
སེམས་ཅན་བདེ་སྐྱིད་བསྐྲུན་པ་ལ།།
ཁྱབ་པ་ལག་རིང་ངུས་རབ་ཡོད།།
དེ་ཡིས་རྒྱུ་མཚན་ངེས་པའི་ཕྱིར།།
དམུ་རྒྱལ་བསྟན་པའི་མཐིལ་རུམ་དུ།།
གཤེན་ཕྲན་བྱེ་བ་ས་ཡ་འམ།།
ཁྱུང་ཕྲུག་བྱེ་བ་ས་ཡའི་ནང་།།
ཁྱུང་ཆེན་ལྡིང་བའི་ངོ་མཚར་བསྟོད།།
ཞེས་༢༠༡༨/༥/༡༩/ཉིན་ལྡོང་བཙུན༧བསྟན་འཛིན་དགེ་ལེགས་པས་སྤུ་རྒྱལ་རིག་སློབ་ཁང་ཁེར་ཤག་སྤོས་དྲི་འཐུལ་བའི་མལ་ས་ནས་ཤར་མར་ཕུལ་ལོ།། །།
30
མ་བསྒྲིགས་རྟེན་འབྲེལ་རང་འགྲིག།
མདུན་ན་དཀའ་ཚེགས་ཚེར་མའི་དབལ་སོ་བཟོད་པའི་ཕྱག་གིས་བླངས་ནས་བཏུས།།
རྒྱབ་ན་སྐུར་འདེབས་དམོད་མོའི་རལ་གྲི་བདེན་པའི་གོ་ཆས་སྲུངས་ཤིང་སྐྱབས།།
གཡས་གཡོན་ཐབས་ཤེས་རོལ་པའི་དཀྱིལ་འཁོར་དཔོན་གསས་བླ་མའི་འཕྲིན་ལས་གང་།།
གཅིག་ལས་གཅིག་འཇོན་སྐུ་བསོད་མངའ་ཐང་ཡར་ངོའི་ཟླ་ལྟར་རྟེན་འབྲེལ་འགྲིག།།
རང་ས་ལས་རྡོལ་རང་བསྟན་སྙིང་པོ་སྒོ་བཞི་མཛོད་དང་ལྔ་ཡི་བོན།།
རང་སྤེལ་མ་ནུས་གཞན་ལ་རེ་བ་མལ་སར་ལྷུང་བའི་རྒན་གོག་བཞིན།།
ཡོང་བར་དོགས་པའི་ཚོམས་ལ་ཞེད་ནས་ཉིད་ཀྱི་ཐུགས་རྗེའི་མཐུ་སྟོབས་ཀྱིས།།
ཨ་ཧོ་ངོ་མཚར་སྣང་བའི་གར་ཁྱབ་རྒྱལ་བའི་བཀའ་ཡིས་ཁྱབ་པར་བྱས།།
འདི་ལྟར་རྨད་བྱུང་མཛད་འཕྲིན་ཉིད་ལ་ངེད་ཅག་མགུ་བའི་ག་ལ་ཚད།།
གཞན་པ་རྒྱལ་ཡོངས་ཞིབ་འཇུག་པ་ཚོས་དཔྱད་པའི་འབྲས་བུ་ལ་བསམ་ན།།
གཟེངས་བསྟོད་སྐུ་གསུམ་གྲངས་དང་མཉམ་པའི་དཔང་ཡིག་མཆོག་ལ་ཕུལ་བ་འདི།།
གཡུང་དྲུང་དབུ་འཕང་དགུང་ལ་མཉམ་པའི་མ་བསྒྲིགས་རྟེན་འབྲེལ་རང་འགྲིག་ཡིན།།
མཚལ་ཐིག་དམར་པོ།།
31
རྟེན་འབྲེལ་ཞུ།
རྒྱལ་གཤེན་སྟོན་པའི་དྲི་མེད་བཀའ།།
དེ་བརྟེན་མཁས་པའི་ཕྱེས་པ་ཡི།།
གསུང་རབ་ས་ཡི་རྡུལ་གྲངས་བཞིན།།
སྤེལ་བའི་བྱེད་པོ་འོད་ཀྱི་མཚན།།
སྔོན་སྨོན་བཟང་དང་འཕྲལ་རྐྱེན་ལེགས།།
མཚན་མཆོག་དོན་དང་ལྡན་ཡི།།
དུས་འདིར་སྟོན་པ་ལས་ལྷག་པའི།།
མངོན་གྱུར་མཛད་པས་ཡིད་རབ་འཕྲོག།
ལྷག་བསམ་ཁུར་ཆེན་འཕྲག་བཞེས་ནས།།
བསྟན་ཞབས་རེམ་པའི་བསྡུས་གཟུགས་ཏེ།།
ཇོ་མོ་གླང་མའི་གཟེངས་རྟགས་ཉིད།།
ཁྱེད་ཕྱག་སོན་ལ་རྟེན་འབྲེལ་ཞུ།།
ཉིད་ནས་གཟིགས་དགོངས་བཀྲམ་པའི་སར།།
འཕྲིན་ལས་གང་ཞིག་སྐྱོང་ན་ཡང་།།
མཐོ་བ་ཇོ་མོ་གླང་མ་བཞིན།།
མི་ནུབ་རྒྱལ་མཚན་ཚུགས་པར་ཤོག།
ཅེས༧ སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ལ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་ཨང་གསུམ་པ་ཐོབ་འདུག་པར་རྟེན་འབྲེལ་དུ་ས་ལེ་སྦྲམ་ནས་གུས་ཕུལ།
32
༄། རྒྱལ་བ་འདྲེན་མཆོག་ཞིང་དུ་ཕེབས་རྗེས་སུ།
རྒྱལ་བའི་བཀའ་ཡིས་འགྲོ་བ་འདྲེན་པའི་དུས།
རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་དངོས་བྱོན་པ།
རྒྱལ་གསུང་སྤེལ་བའི་རྒྱ་མཚོ་ནོར་བུ་བསྟོད།
རྣམ་མཁྱེན་རྒྱལ་བའི་རྗེས་འཛིན་ཡིན་ནས་བཟུང་།
རྣམ་དག་བཀའ་དང་བཀའ་བརྟེན་པར་ནས་བཟུང་།
རྣམ་མང་འགྲོ་ལ་སྦྱིན་པ་གྲངས་ལས་འདས།
རྣམ་པར་དག་པའི་ཕྱག་ལས་ཀུན་གྱིས་གསལ།
ཟབ་པའི་བཀའ་ལ་རིག་པས་དཔྱད་མཛད་ནས།
བདེན་པའི་ལས་ལ་བོན་སྐྱོངས་སྲུང་མ་དང་།
རྒྱལ་ཁབ་རིམས་པའི་རྒྱབ་སྐྱོར་གནང་འོག་ནས།
རྒྱལ་ཁའི་ངང་ནས་གཟེངས་བསྟོད་བཞེས་འདི་བསྔགས།
༢༠༡༨/༥/༡༨ ཉིན་སློབ་མ་མྱོང་བ་དྲང་བརྗོད་ནས་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་རང་ཤག་ནས་ཕུལ་བའོ། བཀྲ་ཤིས་དགེའོ།།
33
རྟེན་འབྲེལ་གཡུང་དྲུང་རང་སྒྲ།
ནག་ཁྲ
རིག་པའི་རྒྱ་མཚོ་འཁྱིལ་བའི་གདེངས་ཆ་དང་།
གནའ་དེང་གཞུང་ལ་དཔྱོད་པའི་ཟབ་ཆ་དང་།
བཀའ་བརྟེན་སྤུས་ལེགས་བསྐྲུན་པའི་དག་ཆ་གསུམ།
ནོར་བུ་གྲུང་མ་ཞིག་གི་མདངས་ཆ་ཡིན།
དཀའ་ཚེགས་འོ་མ་དཀྲུགས་པའི་ཐོན་ཁུངས་ལ།
སྣུམ་བཅུད་མར་དཀར་ཐོན་པའི་དཔང་རྟགས་ཏེ།
བཀའ་བརྟེན་དཔེ་རྙིང་བསྐྲུན་པའི་པོད་གྲངས་འདི།
བསྟན་པ་རྗེས་སུ་ཞོག་པ་དགའ་བས་བསུ།
ཕྲག་དོག་ཁྲོ་གཏུམ་ཅན་ལ་བཟོད་པ་སྒོམ།
མ་རུང་རུ་ང་ཅན་དེ་སྙིང་རྗེས་བསྐྱངས།
གཡུང་དྲུང་བསྟན་པའི་ཆེད་དུ་དཀའ་བ་སྤྱད།
"དཀའ་བརྒྱ་ངལ་ཁྲིའི"་མཛད་པ་ལེགས་གྲུབ་བྱུང་།
ཆོག་ཤེས་ཆེ་བས་དགེ་བྱེད་དག་མ་བཞེངས།
བསླབ་པ་བཙུན་པས་དྲང་སྲོང་དག་མ་མཛད།
ལྷག་བསམ་དཀར་བས་བསྟན་དོན་ངལ་མེད་བསྐྱངས།
ས་ཆེན་ལྷོ་གླིང་སྒང་གི་བྱམས་བརྩེའི་འོད།
ཁྱེད་ཉིད་གང་ལ་བྱོན་པའི་ཉི་མ་ནས།
བཀའ་བརྟེན་གསུང་རབ་རྩི་ཏོག་ལས་ཀྱང་འབེལ།
གསུང་རྟེན་རྗེས་བཞག་རི་བོ་ལས་ཀྱང་མཐུག
པོད་ཀྱི་སྒོ་མཛོད་དཔེ་མཛོད་ཀུན་ལ་བཀྲམས།
རྒྱལ་ཡོངས་བོད་རིག་ལས་དོན་འཚོཌ་འདུ་སྐབས།
ཀྲུང་གོའི་བོད་རིག་ལས་དོན་ཞིབ་འཇུག་གི
ཇོ་མོ་གླང་མའི་རྒྱལ་ཁའི་གཟེངས་རྟགས་དེ།
ཁྱེད་མཚན་དབུ་རྒྱན་ཐོག་པའི་མགུལ་དར་སྒྲོན།
འབད་འབུང་སྟོང་གི་ཚེགས་ལས་འཁྲུངས་པ་དང་།
ངལ་དུབ་སྨག་ནག་ཡུག་ནས་ཕུད་པ་དང་།
རིག་པ་བགྲོ་བའི་མཁས་བརྒྱ་འདུ་འཛོམས་གསེབ།
མཛད་བཟང་ལེགས་གྲུབ་རྒྱལ་ཁའི་གཟེངས་རྟགས་བླངས།
དབུས་ནས་སློབ་འབངས་སྟོང་གི་རྗེ་བོ་མཛད།
སྟེང་ནས་སྟོན་པ་འདྲ་བའི་སྐྱབས་གནས་མཛད།
བར་ནས་ཟད་མེད་བོན་གྱི་ཆར་སྦྱིན་མཛད།
འོག་ལ་མུན་སྨག་བསལ་བའི་སྒྲོན་མེ་མཛད།
འགའ་ཞིག་རྐུབ་སྟེགས་ཆེད་དུ་ལྟག་སྒོ་བཙལ།
རེ་ཞིག་མགོ་རྣའི་ཆེད་དུ་རུལ་སུངས་འཁྲབ།
ཚོ་གཅིག་ཚུལ་འཆོས་ཆེད་དུ་དགྱེ་དགྱེ་བྱེད།
ཁྱེད་ནི་དྲང་པོར་བསྐྱོད་པའི་དྲང་སྲོང་པ།
༢༠༡༨/༥/༡༩/དགོང་མོར་/ནག་ཁྲ་/ནས་སྤེལ་ལོ།།
34
རྟེན་འབྲེལ་ཤིས་བརྗོད།
ཁྲ་མེ་འབུག
ཁ་མིན་སེམས་པ་བསྟན་འགྲོའི་ཁུར་ཆེན་ལ་གཏད་ནས།།
དོན་དམ་རྒྱལ་བའི་བསྟན་པ་འཛིན་སྤེལ་གྱི་བདག་པོ།།
སྐྱབས་མཆོག་འོད་ཟེར་སྦྱིན་པའི་མཛད་འཕྲིན་གྱི་ཆ་ལ།།
ཡིད་སྨོན་འཆོར་བའི་འགྲོ་བ་རེ་འགའ་ཙམ་མ་ཡིན།།
སྣ་མང་ཤེས་རིགས་ཀུན་གྱི་མེས་པོ་རུ་གྱུར་པ།།
ཡབ་རྗེ་གཤེན་རབ་མི་བོའི་ཤེས་རབ་ཀྱི་ཉིང་ཁུ།།
སྐུ་གསུང་ཐུགས་ཀྱི་མཛད་པ་གཅིག་ཆོག་ཏུ་གྱུར་པ།།
རྒྱལ་བའི་ཞལ་གདམ་དྲོད་མོ་སྒོ་མཛོད་ཀྱི་གསུང་རབ།།
ཐོགས་བཅས་རེག་ཏུ་ཡོད་པར་འབུར་དོད་དུ་གཤམ་པ།།
ཐོགས་མེད་རིས་སུ་བྲིས་པ་འོད་གཟུགས་སུ་སྤྲོ་བ།།
གནའ་དེང་གཉིས་ཀའི་འགྲོས་ལ་གང་དགོས་སུ་བསྟན་ཏེ།།
ཟླུམ་གཟུགས་ཁྱབ་པར་མཛད་པའི་རྒྱལ་བ་ཡི་སྲས་པོ།།
ནོམ་ཆེ་ཕྱུག་པོའི་རྒྱུ་ནོར་གཞོག་སློང་གིས་མ་ལེན།།
གནོད་སྦྱིན་གཏེར་གྱི་མཛོད་སྒོ་རུམ་ཁུག་ན་ཕྱེས་ཡོད།།
དབང་ཆེ་དཔོན་རྒན་ཞལ་ངོ་གསེར་རྩི་ཡིས་མ་གཡོག།
དྲང་བདེན་གཞུང་ལམ་སྐྱ་བོ་ཁྲིག་སེ་རུ་གཅད་ཡོད།།
མཐུན་སྦྱོར་དཔྱིད་ཀྱི་གྲུ་ཆར་གང་དགོས་སུ་རྩོལ་བའི།།
དགོན་སྡེ་རེས་མེད་ཀུན་ཀྱང་ཁ་ལག་གིས་འབྲེལ་ཡོད།།
གསུང་གདམ་ཕན་བདེའི་སློབ་གསོ་འོད་སྣང་དེ་སྤྲོ་དུས།།
བླུན་རྨོངས་ཡུལ་གྲུ་དུ་མ་རྨོངས་གཉིད་ལས་དཀྲོག་ཡོད།།
ཐབས་མཁས་ཐུགས་རྗེ་ཆེ་བ་རྒྱལ་ཀུན་གྱི་ངང་ཉིད།།
འགྲོ་བའི་དོན་ཆེ་སྒྲུབ་ན་རྫུན་འཕྲུལ་ཀུན་མངའ་བའི།།
ཞང་བོད་རིགས་གཞུང་སྐྱོང་བའི་ལྷག་བསམ་གྱི་ངོ་བོ།།
འཕྲིན་ལས་སྣང་བ་དཀར་པོ་ས་སྟེང་ལ་ཁྱབ་ཤོག།
ཅེས་སྐྱབས་རྗེ་བླ་མ་རྒྱ་མཚོ་ནོར་བུ་རིན་པོ་ཆེས་གཙོ་སྒྲུབ་གནང་བའི་བཀའ་རྟེན་དཔེ་རྙིང་ཚང་གི་ཇོ་མོ་བླ་མའི་གཟེངས་རྟགས་ཐོབ་པ་ལ་རྟེན་འབྲེལ་དུ་ཕུལ་བའོ།།
35
དཔོན་གསས་བླ་མའི་མཛད་འཕྲིན་རྒྱས་པར་ཤོག
གསེ༷༵ར་སྒྲོན༵་མཛད་འཕྲིན་རྒྱ་༵མཚོའི༵གཏིང་ལས་དཔགས།
གཤེན་རབ་སྒོ་མཛོད་ཡིད་བཞིན་ནོ༵ར་བུའི༵་གཏེར།
དཔེ་རྙིང་གསར་སྒྲོན་འོ༵ད་ཟེ༵ར་ཕྱོགས་བཅུ་གསལ།
ལུང་རྟོགས་སྦྱིན༵་པ༵འི་འཛམ་གླིང་ཁྱབ་པར་ཤོག།
ཁྲ་དགོན་ཚུལ་ཁྲིམས་ཉི་མ་ནས།།
36
བསྟན་འགྲོའི་ནོར་བུ་འོད་ཟེར་སྦྱིན་པ།།
འོད་ཀྱི་ཕུང་པོར་ཐིམས་པའི་གྲུབ་པའི་བཤེས།།
ཟེར་གྱི་རྣམ་པར་སྤྲོས་ཏེ་འགྲོ་དོན་དུ།།
སྦྱིན་པའི་ཆར་ཆེན་འབེབ་ཕྱིར་སླར་བྱོན་པའི།།
མཚུངས་མེད་བླ་མའི་ཞབས་ལ་གུས་ཕྱག་འབུལ།།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གང་།།
ཡོངས་རྫོགས་རྣམ་པར་དག་པའི་ཚུལ་ལྡན་ཡང་།།
བོད་དང་བོན་གྱི་ཐུན་མིན་རིག་པའི་གཞུང་།།
གསུང་རབ་སྒོ་མཛོད་གསེར་འོད་སྤྲོས་འདི་སྨར།།
གཟུར་གནས་ཞིབ་འཇུག་མཁས་པའི་ལྟེ་གནས་སུ།།
སྒོ་མཛོད་གསུང་རབ་སྦྱིན་བརྒྱ་འགྱེད་པ་ལ།།
ཡི་རངས་ཇོ་མོ་གླང་མའི་བྱ་དགའི་རྟགས།།
མངོན་པར་ཐོབ་པའི་གཏམ་བཟང་ཐོས་འདི་སྤྲོ།།
སྒོ་བཞི་མཛོད་ལྔའི་འོད་ཟེར་སྦྱིན་པ་སྟེ།།
འཛམ་གླིང་མགོན་པོ་རྒྱ་མཚོ་ནོར་བུ་མཆོག།
ཁྱེད་ཀྱི་སྐུ་སྲོག་བྲག་བས་སྲ་བ་དང་།།
མཛད་ཕྲིན་ཆུ་བོའི་རྒྱུན་ལས་རིང་བར་སྨོན།།
ངེས་འབྱུང་ལོ་མས། ༢༠༡༨/༥/༡༩
37
ཤིས་ཚིག་ལྷ་རེག་དཀར་པོ།
ཁྲ་མིག་ཚང་།
དཀའ་བའི་ཕྱག་དང་དཀོན་པའི་རྒྱུ་མ་འཛེམ།།
ངལ་བ་དང་བླངས་འབད་བརྒྱའི་ཉིང་ཁུ་ལས།།
གཡུང་དྲུང་བོན་གྱི་དཔེ་རྙིང་ཅི་མཆིས་པ།།
འཚོལ་བསྡུ་གནང་སྟེ་གང་སར་འགྲེལ་སྤེལ་ཞུས།།
སྐྱེས་ཆེན་བླ་མའི་མཛད་འཕྲིན་མཚོ་ལས་ཟབ།།
ཆ་འཕྲིན་དུས་རབས་འདི་ཡི་བསྐལ་ཁུཊ་བསྟུན།།
ཁྲ་ཡིག་ཆེ་འབྲིང་ཆུང་གསུམ་གློག་རྡུལ་ཕབ།།
ཁྲི་ཚོ་མང་པོའི་དངུལ་སྨར་ཕངས་མེད་བཏང་།།
རིས་མེད་ཤར་སྟོང་བྱས་པ་མིག་སྔར་གསལ།།
དད་པའི་མེ་ཏོག་མཆོད་པ་ཁྱེད་ལ་ཕུལ།།
དཔེ་མཛོད་ཁང་དང་ཁྱུང་པོའི་དྲྭ་བ་དང་།།
ཀུན་སྣང་ཁྱབ་པ་དཔེ་སྦྱིན་བྱེད་ཚུལ་བཅས།།
དམ་པ་ཁོང་གི་གསང་གསུམ་མཛད་འཕྲིན་ཆ།།
ཉེར་འབྲས་བླ་མེད་ཁ་བའི་རྒྱན་དུ་བརླམས།།
ལྷག་ཏུ་གཟེངས་བསྟོད་ཕྱག་འཁྱེར་བཞེས་པར་སྤྲོ།།
༢༠༡༨-༠༥-༡༩
38
བླ་མ་མཆོག་གི་མཛད་འཕྲིན་རྒྱས་པར་ཤོག
ཁྱུང་དབུས་འཛིན་མའི་ཐེག་ལེའི་ཕྲག་གོང་ནས།།
གསེར་གྱི་སྒྲོན་མེ་འབར་བའི་གཟི་འོད་ཀྱིས།།
ཡ་ཐོག་སྲིད་པ་བོད་ཀྱི་ཤེས་རིགས་ཆ།།
མ་ལུས་གོ་ལའི་ཁྱོན་ལ་ས་ལེར་གསལ།།
ཁྲ་དགོན་གོད་ར་སྒྱེ་བླུག་ནས།
39
བླ་མ་ལགས་རྟེན་འབྲེལ་ཞུ།
རིག་གཞུང་གཙང་མ་ཕ་ནོར་བོན་གྱི་མཛོད།།
བཀའ་པོད་དེབ་གཟུགས་བསྐྲུན་ནས་སློབ་པོ་ལ།།
བོན་གྱི་སྦྱིན་པ་གནང་མཛད་སྐྱེས་མཆོག་དེ།།
འོད་ཟེར་སྦྱིན་པ་རྒྱ་མཚོ་ནོར་བུ་ལགས།།
རྒྱལ་བའི་བསྟན་དང་འགྲོ་ཕན་བྱ་བ་ལ།།
དུས་དང་ནམ་པ་ཀུན་ཏུ་ཐུགས་བསྐྱེད་ཅན།།
རྒྱལ་བསྟན་གཞུང་བཞིན་སྐྱོང་མཛད་མགོན་པོ་དེ།།
མཁན་པོ་ཚོགས་གཉིས་རྒྱ་མཚོ་ནོར་བུ་ལགས།།
ཁྱད་པར་གངས་རིའི་ལྗོངས་ཀྱི་རིག་གནས་ལ།།
གཡུང་དྲུང་བོན་གྱི་སྒོ་མཛོད་གསུང་རབ་མཛེས།།
དེ་དོན་ཐུགས་ལ་མངའ་བས་ལྷག་བསམ་གྱིས།།
ས་ཆེན་གོ་ལའི་རྩེ་འདིར་བོན་གཞུང་སྤེལ།།
དེ་བཞིན་གོ་རྟོགས་ཡོངས་པའི་མྱི་མཆོག་ལ།།
དུས་དང་དུས་སུ་བསྔགས་ན་ཅི་མི་འོས།།
དེང་འདིར་ལྷག་སྨོན་མཚན་སྙན་ཐོབ་པ་ལ།།
ཁ་མིན་སྙིང་ནས་རྟེན་འབྲེལ་ཡང་ཡང་ཞུ།།
༢༠༡༨/༥/༡༩ཉིན་གྱི་མཚན་མོ་རྔ་བ་ནས་སྒྲེ་བོ་ལེགས་རྒྱམ་འབོད་པས་ཕུལ།
40
ཞབས་པད་བརྟན་གྱུར་ཅིག
ཨ་དར་ཤ་ཡི་ངོས་དང་རྒྱབ།།
གསུང་རབ་བདུད་རྩི་ཟེགས་མ་ཡིས།།
ཡོངས་སུ་བརླན་པར་གྱུར་པས་ན།།
གོ་ལའི་ཁྱོན་ཀུན་ནེམ་པར་གྱུར།།
དེ་ལྟའི་གཟུགས་ཀྱི་བྱེད་པོ་སྟེ།།
སྐྱེས་མཆོག་གསེར་རིའི་ཕྲེང་མཛེས་ཀྱིས།།
མཛད་བཟང་འཁོར་ལོ་རྣམ་པ་བཞི།།
སྐྱེ་འགྲོའི་སེམས་ཀྱི་གསོས་སུ་གྱུར།།
སྣང་བར་ཞེན་པའི་འཁྲི་ཤིང་གིས།།
གོ་ལ་བསྡམས་པའི་དུས་རབས་ནང་།
བསྟན་འགྲོའི་དོན་ནུས་སྐྱེས་ཆེན་རྣམས།།
མཁའ་ལ་ཉི་ཟླ་ཇི་བཞིན་འཕགས།།
བསླབ་གསུམ་ཀ་བས་བཏེགས་པ་ཡི།།
རྒྱལ་བསྟན་རིན་ཆེན་ཁང་བཟང་དུ།།
གསུང་རབ་སྒོ་མཛོད་བཞེངས་པའི་ལྷ།།
བསྟན་འཛིན་འོད་ཟེར་སྦྱིན་པར་འདུད།།
དུས་ཀྱི་རྟ་མཆོག་རྒོད་པོ་ལ།།
འཕྲུལ་གྱི་གཤོག་པ་བཏགས་ནས་སུ།།
མེས་པོའི་ནོར་བུ་བླར་འདེགས་མཁན།།
སྒོ་མཛོད་ལས་གཉེར་རྣམ་པ་བཟང་།།
དཀའ་སྤྱད་འབད་བརྒྱས་ཁུར་ཆེན་རྣམས།།
ལོ་ཟླའི་གྲངས་ལ་བཏེགས་པའི་ནོར།།
སྒོ་མཛོད་གླེགས་བམ་སྐར་ཚོགས་གྲངས།།
ཀུན་སྣང་ཁྱབ་པའི་ཀློང་དུ་བདལ།།
གཤེན་གྱི་ཐུགས་དམ་རྒྱ་མཚོའི་མཐིལ།།
མཆོག་གི་ནོར་དུ་བསྐྲུན་པས་ན།།
ཕུན་ཚོགས་དགེ་མཚན་འབུམ་ཕྱུག་པའི།།
གངས་རིའི་དབུ་འཕང་བླ་རུ་མཛེས།།
གསེར་གྱི་སྒྲོན་མེ་འོད་ཆེན་ཞིག།
ཇོ་མོ་ལྷ་རིའི་དབུ་རྩེ་ནས།།
ཉི་ཟླའི་མདངས་ལ་འགྲན་པས་ན།།
ཆེ་དགུ་རྣམས་ཀྱང་གུས་ཤིང་དུད།།
འདི་ལྟའི་སྐལ་བཟང་དགེ་བའི་འཕྲིན།།
མིག་རྣའི་དགའ་སྟོན་བཤམས་པ་ལ།།
ལེགས་གསོའི་ཤིས་བརྗོད་དང་པོ་སྟེ།།
ཞབས་པད་སྲིད་མཐར་བརྟན་གྱུར་ཅིག།
སླར་ཡང་མཛད་བཟང་དུས་ཀྱི་ཟླ།།
རྒྱ་མཚོའི་རླབས་དང་འགྲོགས་ནས་སུ།།
ནོར་བུའི་གཏེར་ལ་ལོངས་སྤྱོད་པའི།།
སྐལ་བཟང་དཔལ་ཡོན་ཐོབ་གྱུར་ཅིག།
དེ་རིང་སྐལ་བཟང་དགེ་བའི་དུས་ཀྱི་ཆར་༧སྐྱབས་རྗེ་རྩ་བའི་བླ་མ་རིན་པོ་ཆེ་སྟོན་འཁོར་རྣམས་ཀྱིས་སྒོ་མཛོད་གླེགས་བམ་རིན་པོ་ཆེའི་རླབས་ཆེའི་ཕྱག་ལས་རྣམས་ལེགས་གྲུབ་བྱུང་ནས་༧སྐྱབས་མཆོག་རིན་པོ་ཆེས་ཆེ་མཐོང་གི་བྱ་དགའ་བཞེས་པའི་དུས་ཚོད་དང་བསྟུན་ཚིགས་སུ་བཅད་པའི་ཤིས་པ་བརྗོད་པ་འདི་ནི་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་སྨྲ་དབང་རིག་པའི་གོ་ཆ་ཞེས་པ་དེས་ཕྱི་ལོ་༢༠༡༨ ཟླ་ ༠༥ ཚེས་ ༡༩ ཉིན་ཕུལ་བའོ། །
41
འོད་ཟེར་སྦྱིན་པ།
འོད་ཀྱི་ཕུང་པོ་ནམ་མཁའི་ངོག་ནས་འཚེར།།
ཟེར་བརྒྱ་འཕྲོས་པས་འཛམ་གླིང་བདེ་ལ་བཀོད།།
སྦྱིན་པའི་ཞིང་མཆོག་གངས་ཅན་བོད་ལ་བལྟམས།།
པ་ཊུ་གཉིས་པ་མུན་སེལ་སྒྲོན་མེ་བསྔགས།།
ཉི་མའི་ཟེར་གྱིས་མི་ནོན་དྭངས་གསལ་ཞིང་།
ནམ་མཁའི་བླ་བྲེས་མ་སྒྲིབ་ལྷང་ངེར་གསལ།།
བསྟན་འགྲོར་ལྷག་བསམ་དཀར་བའི་ཀུ་མུད་ཏ།།
རྣམ་དཀར་རྒྱ་མཚོའི་ཚོགས་རྣམས་སྐྱོང་བའི་བླ།།
རྒྱ་ཁྱོན་འདས་པའི་བོན་སྦྱིན་གོ་ལར་ཁྱབ།།
མཚོ་ལྟར་ཟབ་པའི་བོན་བསྟན་རྒྱ་ཆེ་སྤེལ།།
ནོར་གྱི་བདག་པོ་ཨ་ཡཱ་འཛམ་བྷ་ལྷ།།
བུ་གོ་ཆོད་པའི་ཕ་བཟང་བུ་ཞིག་གོ།
གཟི་བརྗིད་འབུམ་ལྡན་མི་དཔོན་རླབས་པོ་ཆེ།།
ཕྱོགས་རིས་མཐའ་བྲལ་རྟ་བདུན་དབང་པོ་མངོན།།
གཞན་ཕན་བདེ་སྦྱིན་བྱང་ཆུབ་སེམས་དཔའ་མཆོག།
འགྲོ་བའི་དེད་དཔོན་རྒྱལ་སྲས་ཨེ་མ་རྨད།།
གསེར་གྱི་མེ་ཏོག་འཛམ་གླིང་ཡོངས་ལ་ཤར།།
གསེར་གྱི་འཁོར་ལོའི་ཁམས་གསུམ་ཁ་ལོ་བསྒྱུར།།
གསེར་གྱི་སྙིང་པོའི་ས་གཞི་ཡོམ་ཡོམ་བྱས།།
གསེར་གྱིས་བོན་དབྱངས་ས་གཞི་ཆར་ཟིམ་སྙིལ།།
སྒྲོན་མེ་སེར་པོའི་འོད་ཟེར་ཕྱོགས་བཅུར་ཁྱབ།།
སྒྲོན་མེ་སེར་པོའི་མཛད་འཕྲིན་བསམ་མཐའ་ཡས།།
སྒྲོན་མེ་སེར་པོའི་གསེར་འོད་ས་གཞི་འཕྲོས།།
སྒྲོན་མེ་སེར་པོའི་ཞབས་པད་གཙུག་ཏུ་བཀོད།།
༢༠༡༨/༥/༡༩/ཉིན་ལྷོ་ཚེ་དབང་འགྱུར་མེད་ནས་ཕུལ།
42
མི་ནུབ་རྒྱལ་མཚན།
འོད་ལ་འོད་ཀྱི་འཁོར་ལོ་ནི།།
གསེར་ལ་གསེར་གྱིས་བརྒྱན་པ་བཞིན།།
ཟེར་ལས་ཟེར་ཕྲེང་སྤྲོས་པ་སྟེ།།
སྒོ་མཛོད་བོན་གྱི་གསུང་རབ་སྤྲོས།།
སྦྱིན་ལ་གཏོང་ཕོད་སྒོ་བྱེ་བའི།།
ཚོགས་གཉིས་གཏེར་གྱི་མཛོད་ཁང་མཆོག།
པ་ཏྲིས་རིས་ལྟར་རབ་བཀྲ་བའི།།
ཀུན་ཏུ་སྣང་བས་རྒྱལ་ཁམས་ཁྱབ།།
ཕུན་ཚོགས་ཞང་བོད་ཡུལ་ཁམས་ཀྱི།།
རིག་གཞུང་རྒྱ་མཚོའི་འཇིང་ཟབ་ལས།།
ཁྱད་མཚན་ནོར་བུའི་དཔལ་བླངས་པའི།།
མཛད་པ་མཆོག་དེ་ཉི་ལྟར་བདལ།།
དེང་ཆར་ཡ་གླིང་ཤར་རྒྱུད་ཀྱི།།
གཞི་འཛིན་རྒྱལ་ཁབ་ཆེན་པོའི་ཁྱོན།།
ཞང་ཞུང་བོན་གྱི་རིག་གཞུང་ལ།།
འཕྲིན་ལས་ཟབ་མོའི་ཚད་མཐོང་རྟགས།།
རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཉིད།།
མཆོག་ཉིད་ཕྱག་ཏུ་ཐོབ་པ་ནི།།
བདེན་དང་དངོས་ཡོད་རིང་ལུགས་ཀྱི།།
ཟབ་གསལ་མཚན་མའི་ཟླ་བ་ཡིན།།
ཟབ་གསལ་བརླིང་གསུམ་ལྡན་པའི་གཞུང་།།
སྒོ་བཞི་མཛོད་ལྔའི་བཀའ་སྡེ་ཆེ།།
སྤྱོད་ཡོན་འཇོན་གསུམ་ལྡན་པ་ཡི།།
འོད་ཟེར་བླ་མས་བསྐྲུན་ཏེ་སྤེལ།།
བརྟན་བརྗིད་མཐོ་གསུམ་ལྡན་པ་ཡི།།
ཇོ་མོ་གླང་མའི་གཟེངས་རྟགས་ཉིད།།
ཁྱད་མཚན་གཟེངས་རྟགས་ཐོབ་པ་ནི།།
རིག་གཞུང་མི་ནུབ་རྒྱལ་བའི་མཚན།།
ཞེས་ཁྱུང་པོ་སྟེང་ཆེན་དགོན་ནས་དགེ་མིང་ཙམ་ཐོབ་པ་དྲང་སྲོང་རྒྱལ་མཚན་གྱིས་བྲིས་ཏེ་ཕུལ།2018/5/20
43
གསེར་གྱི་སྒྲོན་མའི་འོད་ཆེན་ས་ལ་འཕྲོས།།
མ་རིག་འཁོར་བའི་སེསམ་ཅན་མུན་པ་སེར།།
བོན་གྱི་གསུང་རབ་གླིག་བམ་བྱིན་ཆེན་དག།
འཛོམ་གླིང་ཤར་ནུབ་ཡོངས་ལ་ཁྲ་མལ་མེར།།
བསྟན་པ་སྤྱི་ལ་གཟིགས་པའི་བསྟན་བདག་ཁྱེད།།
ཞྭ་དཀར་བོན་གྱི་སྨོན་ལམ་མ་ཉམས་བའི།།
རྒྱལ་བའི་བཀའ་དང་བཀའ་རྟེན་དཔེ་བསྐྲུན་གནང་།།
བོན་འབངས་སྤྱི་ལ་བཞག་པའི་ནོར་བུ་ཡིན།།
སྐྱབས་རྗེ་དཔོན་སྲས་བླ་མའི་མཛད་འཕྲིན་དག།
རི་བོ་ཧི་མ་ལ་ཡི་དབུས་ཕྱོགས་ནས།།
མཁས་དབང་དབུ་ཁྲིད་མང་པོའི་སྔགས་བརྗོད་ཕུལ།།
ཁྱེད་ནི་མེས་པོ་ཚང་གི་གཟི་བརྗིད་ཡིན།།
ཁམས་ཀྱི་དམར་ཆུང་གིས།།
44
བསྟན་པའི་རྒྱལ་མཚན་ཕྱོགས་བཅུའི་མཁའ་ལ་སྒྲེང་།།
བསྟན་པའི་གཙོ་བོ་ནོར་བུའི་ཏོག་གིས་མཛེས།།
བསྟན་འཛིན་དམ་པའི་སྐུ༵་ཚེ༵་བསྐ༵ལ་བརྒྱ༵ར་བརྟན།།
བསྟན་དོན་གང་བསམ་ཀེག་མེད་ལྷུན་འགྲུབ་ཤོག།
ལི་བཙུན་ནས།
45
སྐྱེས་ཆེན་དམ་པ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་མཆོག་གིས་ཉེ་ཆར<<བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི>>གཟེངས་རྟགས་བཞེས་ཡོད་པར་བརྟེན། བླ་མ་ཁོང་གི་ཤེས་འཇོན་གྱི་གཟི་བརྗིད་ལ། ང་ཚོ་ཚང་མས་ཡི་རངས་དང་བརྩི་བཀུར་འོས་པ་ཞིག་ཏུ་ལགས་པས། ཁོང་ཉིད་ལ་བཀྲ་ཤིས་རྟེན་འབྲེལ་དང་ཐུགས་རྗེ་ལེགས་གསོལ་ཞུ།
རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་ནས།
46
ཉི་འོད་བཞིན་ཏུ་ཁྱབ་པའི་བླ་མའི་མཛད་རྗེས།
འགྲོ་འདྲེན་གཤེན་རབ་མི་བོ་ཡིས། །
འགྲོ་བའི་ཟུག་རྔུ་བསལ་བའི་ཕྱིར། །
སྐུ་གསུང་ཐུགས་ཀྱི་བསྟན་པ་རྣམས། །
སྐྱེ་རྒུའི་བསོད་ནམས་དཔལ་དུ་བཞག །
གསུང་གི་བསྟན་པའི་ཟུར་སྡོང་དུ། །
གདུང་སོབ་སྟོན་པ་སླར་བྱོན་པའི། །
མཆོག་སྤྲུལ་འོད་ཟེར་སྦྱིན་པ་ཡིས། །
གསུང་རབ་ཉི་མའི་ཟེར་བཞིན་སྤྲོས། །
དཀར་པོ་གངས་ཀྱི་འོད་འཁྱུད་པའི། །
ལྷག་བསམ་ཀུན་སློང་གཙང་མ་ཡིས། །
སྒོ་བཞི་མཛོད་ལྔ་བཀའ་ཡི་གཏེར །
བོན་གྱི་སྦྱིན་པའི་ཆར་ཆེན་ཕབ། །
གནའ་བོའི་ཤེས་རིག་སྙིང་བཅུད་ཀྱི། །
ཤུལ་བཞག་ནོར་བུའི་འོད་རིས་ཅན། །
སྲུང་སྐྱོབ་སྲ་བརྟན་བྲག་ངོས་སུ། །
རི་མོ་བྲིས་བཞིན་བརྟན་པར་མཛད། །
རླབས་ཆེན་མཛད་བཟང་ཟབ་མོ་ཡི། །
ངང་ཚུལ་ཀུན་གྱིས་མཐོང་ས་རུ། །
ཇོ་མོ་གླང་མའི་གཏོས་མཉམ་པའི། །
མཚན་སྙན་དབྱར་གྱི་རྔ་གསང་ལྡིར །
གསང་གསུམ་འཕྲིན་ལས་ཆ་རེ་རེའི། །
ཡོན་ཏན་བྱིས་བློས་དཔོག་མིན་ཡང་། །
ཁོ་བོ་དད་པས་གདུང་ཤུགས་ཀྱིས། །
མཆོད་པའི་ཚིག་ཕྲེང་འདི་འབུལ་ལོ། །
གང་གི་སྐྱབས་འོག་པ་རླུང་གྲོགས་སུ་འབོད་པ་དེས་གསོལ་བ་ཕུར་ཚུགས་སུ་བཏབ་པའོ། 2018/5/19
47
བསྟོད་ཚིག་ཕྱེ་མ་ལེབ་ཀྱི་གཤོག་སྒྲ།
ཁྲི་རིག་པའི་མདའ།
རབ་མཛེས་སྐུ་ལ་རྣམ་བཀྲའི་མཚན་དཔེ་རྫོགས།།
འགག་མེད་ངག་ལ་འཇམ་སྙན་ཚངས་དབྱངས་འབར།།
སྤྲོས་བྲལ་ཐུགས་ལ་མཁྱེན་གཉིས་སྤྲིན་ཕུང་གཡོ།།
འོད་ཟེར་སྦྱིན་པ་སྲིད་ཞིའི་རྒྱན་དུ་མཚུལ།།
སྡིག་མེད་གྲོང་ཁྱེར་མཛེས་པའི་ར་བ་ན།།
རིས་མེད་ཉི་ཟླའི་འགྲོས་དང་བསྡོངས་ནས་སུ།།
རིགས་ལྡན་བསོད་འཛོམས་མངལ་གྱི་ནམ་ཀ་ནས།།
ཁྱད་མཚར་ཉམས་ཀྱི་ལྡོག་སྟེ་དལ་གྱིས་བབས།།
ཟླ་དགུ་ཞག་བཅུ་ཆར་གྱི་ཉེར་ལེན་ལས།།
སྐུ་མཚན་མེ་ཏོག་ཚུལ་གྱིས་སྟན་ལ་འཁྲུངས།།
འཁྲུངས་མ་ཐག་ཏུ་སྤྲུལ་སྐུའི་མཚན་བྱང་མེད།།
ཐ་མལ་སོ་སྐྱེ་ཞིག་གི་ཤ་ཚུགས་ཡིན།།
རིམ་བཞིན་བྱིས་པའི་གསེང་ནས་ནར་སོན་བཞིན།།
དམར་སེར་སྡེ་བའི་ཁྱུ་ལ་ཞུགས་པ་ལས།།
མ་སྦྱོང་གོས་ཆེན་ཁུག་ནས་ཚེ་སྤར་ཏེ།།
གཅན་ལྔ་རྡོག་པས་མནན་པའི་རུས་ཚུགས་མིན།།
ནང་ཆོས་སྙིང་པོའི་དོན་ལ་བློ་འདྲེས་ནས།།
ཐེག་ཆེན་བློ་ཡིས་རིས་དྲུག་སྐྱོང་པ་ལས།།
སྙན་གྲགས་གོ་ས་མཐོ་ཆེད་དམངས་སྒོར་གྱིས།།
ཤ་ཀོང་རུས་ཀོང་ཆེད་དུ་འཛུམ་པ་མིན།།
ཆོས་དང་སྤྱི་ཚོགས་གང་ཟབ་བསླབ་བྱ་ཀུན།།
དོན་བསྡུས་ཚིག་གསལ་གོ་བརྡ་སྤྲོད་པ་ལས།།
ས་མཐའི་ནད་ངན་ཀླད་པར་བླུགས་ནས་སུ།།
བོད་ཀྱི་འབངས་མི་སྡིགས་སྡིགས་བྱས་པ་མེད།།
དཀའ་ཚེགས་བརྒྱད་ཁྲིའི་རི་ཆུ་བརྒལ་ནས་སུ།།
གསུམ་རབ་དགུ་ཁྲི་ཕྱོགས་བཅུར་བཀྲམ་པ་ལས།།
ལེགས་ལ་ཡི་རང་མེད་སྟེང་འཕྱ་སྨོད་ཀྱིས།།
དར་ཁུག་རྒྱུ་སྦོས་འགྲིལ་བའི་ཨོབ་ཟོབ་མིན།།
དད་ལྡན་ཕུལ་བའི་ཡོན་གྱི་རྩ་བ་རྣམས།།
མར་མེ་སྡོང་རྩར་སྲ་སྐུད་སྲ་རྩ་ལས།།
ཕར་ལ་སྒོར་ལྔ་མེད་ཀྱང་ཚུར་ཡོང་ལ།།
མང་ཉུང་མཛུབ་རྩེར་འདོན་པའི་ཟངས་འབག་མིན།།
ནང་གཞུང་སྤྱི་ཚོགས་གང་གི་ཡོན་ཏན་ཡང་།།
མཁས་པའི་གྲལ་གདན་དང་པོའི་གཉིས་པ་ཡིན།།
འོན་ཏང་ཐབས་དང་གཡོ་སྒྱུའི་རྣམ་རིག་ལ།།
འབྲོག་ཐང་སྡེ་བའི་ལུག་གི་ལུ་གུ་ཡིན།།
ཕྱོགས་རིས་དུག་གི་སྣག་ཆུ་བཀོལ་བྱས་ཏེ།།
དགའ་ཕྱོགས་ཚིག་གི་རི་མོ་བྲིས་པ་མིན།།
ཡིན་ནམ་བསམ་པའི་རྩེ་གཉིས་བློ་ཡོད་ན།།
«སྐུ་ཚེ་སྟོད་ཀྱི་མཛད་རྣམ»ཞེས་པར་གསལ།།
ད་དུང་གལ་ཚད"ཁྱུང་པོ་སྟེང་དགོན་གྱི།།
སྟོན་འཁོར་ཡོངས་ཀྱི་མཛད་ཕྲིན་གནད་བསྡུས"སུ།།
སྒོ་འགག་མིན་ན་ལེགས་བྱས་ཉི་ཟླའི་འོད།།
གསལ་བར་མཐོང་བ་དངོས་པོའི་གཤིས་སུ་གྲུབ།།