༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
ཁྱུང་པོ་སྟེང་ཆེན་དགོན་གྱི་༧བླ་རབས་ཉེར་དྲུག་པ་འདྲེན་མཆོག་ཤེས་རབ་དགེ་ལེགས་རིན་པོ་ཆེ་མཆོག་གི་རྗེས་དྲན།
[ཟླ་ཚེས།:2018-05-10] [རྩོམ་པ་པོ།:ཨ་ནུ་བསྟན་པ་རབ་རྒྱས།] [གཟིགས་ཐེངས:]

1497223194829854.jpg


ཁྱུང་པོ་སྟེང་ཆེན་དགོན་གྱི་༧བླ་རབས་ཉེར་དྲུག་པ་འདྲེན་མཆོག་ཤེས་རབ་དགེ་ལེགས་རིན་པོ་

ཆེ་མཆོག་ཞིང་ཁམས་གཞན་ལ་ཕེབས་ནས་མི་ལོ་ཉེར་གཉིས་འཁོར་བའི་

རྗེས་དྲན་གྱི་དུས་ཉིན་བླ་མ་དྲན་པའི་ཁེར་ལབ་

བཞུགས་སོ།།

 

ཨ་ནུ་བསྟན་པ་རབ་རྒྱས།

 

ཤེས༵་བྱའི་གནས་ལ་མཁྱེན་པའི་སྤྱན་དཀྱུས་ཡང་།།

རབ༵་འབྱམས་སྤྱི་སྤུངས་བོན་གྱི་འཕྲུལ་གཤེན་རྗེ།།

དགེ༵་ལྡན་བསྟན་གླིང་མཁར་གྱི་རྨིང་གཞི་མཆོག།

ལེགས༵་པ་ཀུན་རྫོགས་འདྲེན་པ་ཁྱེད་ཉིད་མཆོད།།

 

བཟོ་རིག་ལྷ་སྐུ་དཀྱིལ་འཁོར་ཐིག་རིས་ཤེས༵།།

ཁྱུང་པོའི་དབུས་ནས་འབུར་ཐོན་མི་བུ་རབ༵།།

གཙང་ཁྲིམས་དྲི་མ་མེད་པའི་དྲང་སྲོང་དགེ༵།

སྐུ་མཚན་དཀར་ལ་དམར་བའི་བླ་མ་ལེགས༵།།

 

འབུད་རྡུང་དཀྲོལ་གསུམ་ཤེས༵་པའི་ལྷ་བུ་བཟང་།།

བཅའ་འདོན་དབྱངས་ལ་རབ༵་ཏུ་ཕུལ་བྱུང་བ།།

གཟི་བརྗིད་ཟིལ་གནོན་དགེ༵་བའི་དེད་དཔོན་རྗེ།།

རྨད་བྱུང་མཛད་རྗེས་ལེགས༵་པའི་འདྲེན་པ་ཁྱེད།།

 

སྐུ་མཆོག་གསེར་རི་དགེ༵་བྱེད་ཁྲི་གདུགས་མངོན།།

གསུང་དབྱངས་སྒྲ་རྒྱལ་ཤེས༵་བྱ་ཇི་སྙེད་གསལ།།

ཐུགས་ཉིད་དབྱིངས་ཆེན་རབ༵་ཀྱི་གཤིས་ཀ་ལ།།

ཡོན་ཏན་ཕང་ཕུང་ལེགས༵་པའི་སྐར་ཚོགས་བཀྲ།།

 

ལེཌ༵་སྤྱོད་འདུལ་བའི་ཚུལ་གྱིས་གཞན་སེམས་གསོས།།

དགེ༵་ལྡན་རྫོཌ་པའི་དུས་འདིར་བོན་བསྟན་སྤེལ།།

རབ༵་འབྱམས་བཤེས་གཉེན་ཀུན་གྱིས་ཟླ་བྲལ་བ།།

ཤེས༵་པའི་བང་མཛོད་བླ་རབས་ཉེར་དྲུག་བསྟོད།།

 

ཕྱི་ལྟར་གདུལ་བྱའི་བློ་ངོར་བཀོད་རེ་ལེགས༵།།

ནང་ལྟར་བསྟན་པའི་མཛེས་རྒྱན་སྤེལ་བ་དགེ༵།

གསང་བ་བསྙེན་སྒྲུབ་ཟབ་མོའི་རྣལ་འབྱོར་རབ༵།།

ཡང་གསང་རྫོཌ་པ་ཆེན་པོའི་གནས་ལུགས་ཤེས༵།།

 

ལྟ་བའི་རྩེ་མོ་རྫོགས་ཆེན་གྲོགས་པོ་འགྲིཌ།།

སྤྱོད་པ་གྲོགས་ཀྱི་གཤིས་དང་ཡ་མ་བྲལ།།

སྒོམ་པ་འོད་གསལ་སྒྱུ་མའི་རོལ་པ་ལས།།

འོད་དུ་དེངས་བའི་ཤེས༵་རབ༵་དགེ༵་ལེཌ༵་རྨད།།

 

ཁྱེད་ཀྱི་ཡོན་ཏན་བརྗོད་ཀྱང་མི་ལང་ཡང་།།

རེ་ཞིག་དྲན་པས་ཡོན་ཆབ་བདུན་ཚར་ཕུལ།།

ཁྱེད་ཉེད་གཤེཌ་ཁའི་སློབ་བུ་མཐའ་མ་ཡིས།།

འགྱུར་མེད་དད་པས་ཚུལ་གྱིས་ཤར་མར་བྲིས།།

 

ཁྱུང་པོ་སྟེང་ཆེན་དགོན་གྱི་༧བླ་རབས་ཉེར་དྲུག་པ་འདྲེན་མཆོག་བླ་རྒན་༧ཤེས་རབ་དགེ་ལེགས་རིན་པོ་ཆེ་ཞིང་ཁམས་གཞན་ལ་ཕེབས་ནས་མི་ལོ་ཉེར་གཉིས་འཁོར་བའི་དུས་ཉིན་སློབ་བུ་མིང་ཙམ་འཛིན་པ་གུས་ཨ་ནུ་བསྟན་པ་རབ་རྒྱས་ཀྱིས་ཤིང་ཏོག་དང་ཤིང་སྣ་འཛོམས་སའི་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་མཐའ་མཚམས་ཐོག་བརྩེགས་བཅུ་གཅིག་ནང་ནས་བྲིས་སོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།