༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 4 ལྷུག་རྩོམ།
4 ལྷུག་རྩོམ།
༧ ཤེས་དགེ་རིན་པོ་ཆེ་དང་སྟེང་ཆེན་དགོན།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2018-05-10] [རྩོམ་པ་པོ།:སེམས་དཔའ།] [གཟིགས་ཐེངས:]

1497223194829854.jpg


༧ ཤེས་དགེ་རིན་པོ་ཆེ་དང་སྟེང་ཆེན་དགོན།


«ཤེས་རབ་དགེ་ལེགས་རིན་པོ་ཆེ<༡༩༣༥-༡༩༩༦>འི་འདས་མཆོད་དང་བསྟུན་རྗེས་དྲན་གྱི་དོད་དུ»

  ༧  སྲོལ་རྒྱུན་ལ་རྒོལ་རྡུལ་དྲག་པོ་ཕོག་པའི་ཉེ་རབས་ཏེ་ཆོས་སྐད་གྲག་ན་སྲོག་ཁྲིམས་འཇལ་དགོས་པའི་དུས་རབས་གཅིག་ནང་ཁྱེད་ཉིད་མངོན་པར་ཁྱུང་ཡུལ་དུ་བསྟིམས།  ལྷ་ཆེན་ཉིད་སྤྲུལ་པ་མ་ཡིན་ཞིང་འདྲེ་རྒོད་ཀྱང་རྫུན་པ་མ་ཡིན་པའི་ཁྱེད་ཉིད་དུས་ཚོད་ཀྱི་འགྲོས་ལྟར་ཀ་ཁའི་དབྱངས་རྟ་ལ་འཐམ་ནས་སྨན་རྩིས་ཐིག་གསུམ་དང་།  གྱེར་དབྱངས་རྡུང་གསུམ། སུམ་རྟགས་དག་གསུམ་གྱི་ལག་ལེན་ལ་བྱང་ཆུབ་པར་གྱུར། རྫོང་གི་སློབ་གྲྭ་རུ་ཕེབས་ནས་བླུན་རྨོངས་དག་གིས་ལྐུགས་ཁ་འབྱེད་ཕྱིར་དུ་འཕྲུལ་ཡིག་བཞི་བཅུའི་ཆར་ཆེན་ཕབ་ཅིང་རིག་གནས་ཀྱི་སྒོ་མོ་ཕྱེས།   “ཆོས་དད་རང་མོས་”ཀྱི་ཁྲིམས་སྲོལ་དར་བ་དང་སྦྲགས་མེས་པོ་གོང་མ་བཞིན་འདུལ་ཁྲིམས་ཀྱི་ན་བཟའ་གསོལ་ཞིང་དབེན་ས་རུ་བོར་འགོ་ཚུགས།  རེད་དེ་དབེན་ས་ནི་དབེན་ས་མ་ཡིན་ཞིང་ཁྱེད་ཉིད་མི་དཀྱུས་མ་ཞིག་གི་ཚུལ་དུ་ཡོད་པས། དབེན་ས་རུ་དགོན་གནས་ཀྱི་སྐལ་བ་མ་ཐོབ།  ཤེས་ཡོན་གྱི་འདུ་ཤེས་དང་ནང་སེམས་ཀྱི་མཛེས་སྡུག་མི་ཤེས་པའི་མི་བུ་དེ་དག་གིས།  ཁྱེད་ལ་བཞུགས་སའི་གནས་ཤིག་ག་ནས་སྤྲད།   རེད་དེ་་གྲ་སྒྲིག་ཡོད་པའི་མི་ལ་ཅི་ནས་ཀྱང་གོ་སྐབས་ཡོད་གསུངས་པ་བཞིན། ཡོངས་འཛིན་བླ་མ་ཐེངས་དང་པོར་བོད་དུ་བསྐོར་བསྐྱོད་གནང་སྐབས་ཁོང་ནས།  ཉིད་ཀྱི་ཚད་རྒལ་རང་བཞིན་གྱི་མཁྱེན་ཡོན་དང་ལྷག་སེམས་ཟོལ་མེད་གྱི་རང་གཤིས་གཟིགས་པས་ཁྱེད་ལ་ནུས་པ་འདོན་སའི་གོ་སྐབས་བཟང་པོ་ཞིག་གནང་བ་དང་།  ཡང་དག་པའི་གོ་སྐབས་དེ་རྒྱུད་ནས། ཁྱེད་ཀྱིས་ཁྱེད་ལ་དབང་བའི་ཁང་པ་ཞིག་བསྐྲུན་པ་མ་ཡིན་ནམ།  ཁྱེད་ཀྱིས་ཁྱེད་ལ་དབང་བའི་འདུས་སྡེ་ཞིག་བཏབ་པ་མ་ཡིན་ནམ། ཁྱེད་ཀྱིས་ཁྱེད་ལ་དབང་བའི་སློབ་གླིང་ཞིག་བཙུགས་པ་མ་རེད་དམ།  རེད་དེ། ཁྱེད་ཀྱི་བྲང་ཁོག་སྟོད་ན་ཅི་ལྟ་བུའི་ཕུན་སུམ་ཚོགས་པའི་ཤེས་རིག་ཡོད་ནའང་མཐོང་བ་དཀོན་ཞིང་། རྨོངས་དད་ཀྱི་འཁྲེང་ས་རུས་པ་སྐམ་པོ་མེད་པས་དམ་ཉམས་དང་ཁུངས་མེད་ལུང་མེད།  ཁྱི་སེང་གེ།  གྲྭ་སྨྱོན། ངོ་ཚ་ཁྲེལ་མེད་ཅེས་དམོད་མོ་བོས་པ་ཉུང་ཉུང་མིན་ཚོད་འདུག   གླེན་པ་ཁ་ནག་ཅན་དག་ལ་གནས་ལུགས་གླེང་ས་ལར་ནས་མེད་པའི་གཏན་ཚིགས་དེ་ཁྱེད་ཀྱིས་ཅི་ལ་མི་མཁྱེན་ཏེ་མཁྱེན་ནས། མི་སྨྲ་བའི་རྟུལ་ཞུགས་འཆང་ཞིང་རང་ནུས་ཡོད་རྒུས་སློབ་གླིང་ངམ་འདུས་སྡེ། དགོན་པའམ་སློབ་གྲྭ་དེ་ལེགས་པར་བཙུགས་པ་ནི་ཉིད་ཀྱི་སྟོབས་ཤུགས་དང་ཡང་དག་པའི་རིག་གནས་ཀྱི་ཐར་ལམ་དེས་རེད།  སྟེང་དགོན་མིང་མེད་དུ་གྱུར་ཅིང་རྒྱབ་རི་སྣའི་དགོན་པ་ཞིག་རོ་ཞེས་མིས་འཕྱ་རྨོད་བྱེད་ས་དེར་དཀའ་བ་ཁྲི་དང་། འབད་པ་སྟོང་གིས་ <ཁྱུང་པོ་སྟེང་ཆེན་དགོན་༧>ཞེས་མཚན་གྱི་ཅོད་པན་ཡ་གླིང་དུ་གྲགས་པར་བྱས་པས། བླུན་པོ་ཚོ་ལ་གསུང་བརྡ་མི་དགོས་པར་གྲུབ་འབྲས་ཀྱིས་གོ་བརྡ་ལེགས་པར་སྤྲད་པས།  གཞི་ནས་ཁྱེད་ཉིད་བླ་མ་ཡིན་པའི་ཁས་ལེན་ནམ་དང་ལེན་དང་སྦྲགས་སྔར་བྱས་འགྱོད་བཤགས་ཀྱི་ཕྱིར་དུ།  ཐལ་མོ་སྦྱར་ཞིང་པུས་ནུས་བྱེད་བཞིན་ཁྱེད་ཀྱི་གམ་དུ་བཅར་ནས་མཐོལ་ལོ་བཤགས་ཞིང་བཟོད་པར་གསོལ་ནའང་།  མི་ཆེན་གྱིས་ལས་ཆེན་བྱེད་སྐབས་མི་ཆུང་གིས་འུར་སྒྲོག་དག་སྣང་མེད་དུ་བཏང་བ་བཞིན་ཉིད་ཀྱི་ཐུགས་ལ་དེ་དག་གི་ཉེས་པ་འཛིན་རྒྱུ་ཕར་ཞོག་ལེ་གདའ་ཙམ་ཡང་མེད་པར་ལྷག་སེམས་ཟོལ་མེད་ཀྱིས་རོགས་རམ་བྱེད་པ་ནི་ཨེ་མ་ངོ་མཚར་ཆེ་བའི་རྟགས་ཤིག་གོ།།

  ཞེས་སེར་གཟུགས་སེམས་དཔའ་འབོད་པ་དེས་གུས་ཕྱག་དང་བོད་ཟླ༣པའི་ཚེས༢༥ཉིན་དཔལ་གྱི་ཁྱུང་པོ་སྟེང་ཆེན་ནས་ཕུལ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།