![]()

ཀུན་འདུས་དཔོན་གསས།
ཁྱུང་དཀར་ཤེས་རིག
འཛམ་གླིང་འཛིན་མའི་པང་མཐིལ་དུ།།
ཞིང་ལ་ནོར་བུའི་མཐོ་སྒང་དང་།།
སེམས་ཁམས་འཚེ་མེད་ཞི་བ་ཅེས།།
སྙན་པའི་ས་ཆེན་འགུལ་འདི་སྨར།།
ཞིང་དེར་འཚོ་བའི་འགྲོ་འདུལ་ལས།།
ཀུན་སྨན་གཡུང་དྲུང་བོན་གྱི་མཆོག།
དེ་འཛིན་སྐྱེས་བུ་བསམ་འདས་ཏེ།།
ཞང་བོད་མཁས་གྲུབ་གུས་བརྒྱའི་ཡུལ།།
རྒྱལ་བ་གཤེན་བསྟན་རིན་ཆེན་ནོར།།
དོག་མོའི་མཐིལ་དུ་དར་མཛད་པ།།
སྲོལ་བཟང་འཛིན་པའི་སྐྱེས་མཆོག་ལས།
ཀུན་གཟིགས་རྒྱ་མཚོ་ནོར་བུ་འཕགས།།
ཨ་མྱེ་ཀླད་པ་དུང་ལས་གྲུབ།།
ཚ་བོ་རང་གཤིས་གངས་ལས་དཀར།།
མི་རབས་ཀླད་དུག་སེལ་བའི་སྨན།།
གཙུག་ལག་སྒོ་བཞི་མཛོད་ལྔ་སྨར།།
གྲུབ་པ་ཐུབ་སྟེ་འཕུར་བ་དང་།།
ལྐོག་གྱུར་མངོན་སུམ་གཟིགས་པ་སོགས།།
སྣ་ཚོགས་ཚན་རྩལ་དུ་མ་ཞིག།
བཀའ་པོད་སྔོན་པོ་དངོས་སུ་སྤེལ།།
འདྲིས་ན་ཀླད་ཤེས་དྭངས་སང་ངེ་།།
ཀུན་མཁོ་གྲངས་རིག་རྨད་པོ་ཆེ།།
གཙུག་ལག་རྩིས་ཀྱི་རང་གཤིས་སོཌ།།
མིག་ལྡན་ཀུན་ལ་སྤྱོད་སྐལ་བབས།།
བཅུ་ཕྲག་རིག་པའི་བང་མཛོད་ཏེ།།
ཤེས་བྱའི་གནས་ཀུན་འདུས་པའི་བོན།།
ས་སྒང་ཉིན་སྲིབ་དྲྭ་བའི་ཐོག།
རིན་མེད་སྦྱིན་པའི་གཏེར་ཆེན་བདལ།།
ཡིག་རྨོངས་ཁྲི་འབུམ་གཙང་སེལ་མཛད།།
ཤེས་ལྡན་འཛམ་གླིང་རྒྱན་དུ་བཀོད།།
ཆེད་དམིགས་སློབ་གཉེར་འདུས་གྲྭར་སྐྱོང་།།
འགྲོ་སྨར་གཤེན་རབ་ཐུགས་སྲས་གསོས།།
དུས་མཐུན་བཀའ་སློབ་གནད་སྨིན་བསྩལ།།
བོད་མིའི་བླ་སྲོག་སྐད་ཡིག་སྤེལ།།
ཁ་བཤད་ལག་སྟར་མཛད་ལ་མཁས།།
གངས་རིའི་རྒྱས་སྲས་ཀུན་འགྲུབ་བསྔགས།།
༢༠༡༨__༤__༦།