༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
དཔེ་བསྐྲུན་གྱི་མྱོང་ཚོར།
[རྩོམ་ཁུངས།:ཁྱུང་པོོའི་དྲྭ་བ།] [ཟླ་ཚེས།:2018-04-08] [རྩོམ་པ་པོ།:རྔུལ་ཚའི་བུ་ཕྲུག] [གཟིགས་ཐེངས:]


དཔེ་བསྐྲུན་གྱི་མྱོང་ཚོར།

 

     མེས་པོ་གོང་མའི་མཁྱེན་རབ་ལས་འོང་བའི།

     མེས་པོས་ལྟ་སྤྱོད་རྗེས་བཞག་གསུང་རབ་ཚོགས།

     མེས་པོའི་རྗེས་འཛིན་གང་ན་སུ་བཞུགས་པར།

     མེས་པོར་དད་པའི་ཡིད་རངས་གུས་འདུད་བཅས།

 

   མདོ་ལུང་ནས།སྔོན་ཡང་འཇིག་རྟེན་གྱི་ཁམས་དང་སྲིད་པའི་གྲངས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་ཆགས་ཤིང་ཞིག་གོ།   སྟོན་པའི་སྐུ་དང་བསྟན་པའི་བོན་ཡང་བསམ་གྱིས་མི་ཁྱབ་པ་ཞིག་དར་ཞིང་རྒྱས་སོ།  །སེམས་ཅན་གྱི་ལས་དང་བྱེ་བྲག་གི་ལུས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་ཞིང་ཐར་རོ།  །གསུངས་པ་ཇི་བཞིན་རྟག་བརྟན་གྱི་བློ་རྟེན་གཅོལ་ནུས་པ་དངོས་པོའི་བོན་ནི་འདས་མ་ད་གསུམ་གང་ལ་མེད་དེ།  དུས་རབས་ཀྱི་འཕོ་འགྱུར་དང་ལས་འབྲས་ཀྱི་འཕེལ་ཁ་སོགས་གང་ནས་བརྟགས་ན་སྐད་ཅིག་གི་འགྱུར་ལྡོག་ནི་རྒྱ་མཚོའི་རླབས་དང་བར་སྣང་གི་སྤྲིན་ཚོགས་ལས་གཞན་དུ་མ་འདས།

   དེར་བརྟེན་དེང་རབས་ནང་གི་ལས་དབང་དང་ཕྱིའི་ཚན་རྩལ་གྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ཏེ།  གནའ་བོའི་མེས་པོའི་རྣམ་དཔྱོད་ཀྱི་འཕྲུལ་ལས་བྱུང་བའི་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ནང་དོན་རིག་གནས་ལྔ་འམ་བཅུར་གྲགས་པའི་རིག་གཞུང་ཟབ་མོ་དེ་དག།  དུས་རབས་འཕོ་འགྱུར་གྱི་གཉན་འཕྲང་དཀའ་ཁག་བརྗོད་ཀྱིས་མི་ལངས་པར་བརྒྱུད་ནས་ཡེ་སྔོན་གྱི་མེས་པོ་རྣམ་པའི་ལྟ་སྤྱོད།  སྤང་བླང་།  སྒོམ་སྒྲུབ།  ཟས་གོས།  བཟང་ངན།  དགེ་སྡིག།  ཐར་འཁོར།  སྤྱི་ཚོགས།  འཁོར་ཡུག་སོགས་ཀྱི་གནས་སྟངས་དུས་རབས་འདིའི་བློ་ལྡན་ཀུན་གྱི་སྣང་ངོར་ཁྲ་ཝ་ལེར་འཆར་དུ་རུང་ཞིང་མཐོང་རྒྱ་དང་ཐོས་རྒྱ་བློ་གྲོས་སྒོ་མོ་འབྱེད་པའི་མ་ཕྱི་དཔེ་ཆ་ཟབ་མོ་དག་གི་སྡུས་མིང་ལ་བཀའ་དང་བརྟེན་པ་གཉིས་སུ་ཕྱེས་ཏེ།  སྐུ་གསུམ་སངས་རྒྱས་དང་བརྒྱུད་འཛིན་གཤེན་གྱི་རིང་ལུགས་གཉིས་པོ་དེ།  ཕྱོགས་ཡོངས་ནས་གདེང་འཇོག་ཆེན་པོར་གནང་སྟེ་དཔར་བསྐྲུན་གྱི་ཐད་ལ་གོང་འོག་ཚང་མས་མཛད་འཕྲིན་ལྷུར་ལེན་གྱི་ཐུགས་འགན་ཆེ་བཞེས་བྱུང་བར་བཀའ་དྲིན་བླ་ན་མ་མཆིས་མོད།

   དེའི་ཐད་ལ་བསམ་བློ་ཞིག་གཏང་ན་གནད་འགག་གཉིས་སུ་མཐོང་སྟེ།  གཅིག་ནི་འདས་སོང་གི་གནའ་དཔེ་ཇི་བཞིན་དཔེ་བཤུས་དགོས་མིན་དང་།གཉིས་ནི་བར་གསེང་དང་མཇུག་ཏུ་ཁ་གསལ་གྱི་མཆན་བུ་དགོས་མིན་ལ་ཐུགས་ཁུར་གནང་སྟངས་གཉིས་པོ་ལ་ངེས་པར་དུ་དགོས་པ་གལ་ཆེན་རེར་ཁུམས་ཏེ།  བློ་མནལ་དུ་ཕབ་ནས་བརྟག་ན་ལོ་རྒྱུས་ཞིབ་འཇུག་གི་ཐད་ལ་ཡིད་ཆེས་ཀྱི་དཔང་རྟགས་སྔ་དཔེ་བཤུ་འབྲི་དང་ཁ་གསལ་གྱི་འགྲེལ་རེ་ཡོད་ན་དགེ་མཚན་ཧ་ཅང་ཆེ།

   དད་ལྡན་སྤྱི་ཚོགས་ཀྱི་ཁྲོད་ལ་འདོན་བརྗོད་དང་མཆོད་བསྟོད་གྲངས་བསག་གི་ཐད་ནས་རྩ་དཔེ་གང་དེ་སངས་རྒྱས་དང་།  སེམས་དཔའ་རིག་འཛིན་སྐྱེས་ཆེན་དམ་པ་དེ་ཉིད་སྐུ་དངོས་ཀྱིས་ཕྱག་བྲིས་ཡིན་མིན་ཅི་རིགས་ཤིག་སྟེ་ལོ་འཁོར་ཚོད་དཔག་ཙམ་ལས་འདི་དང་དེ་བོ་ཞེས་པའི་ལོ་ཚོད་མ་ངེས་ཤིང་།  དེའི་སྐབས་ཀྱི་ལག་རྩལ་པ་ཡིག་གེ་ཕྱག་བསྟར་བ་དེ་ཚོ་ལ་ལ་དད་མོས་ཀྱི་སྒོ་ནས་དང་།  ལ་ལ་འཚོ་ཐབས་དང་།  རེ་འགའ་དབང་བསྒྱུར་སོགས་དམིགས་ཡུལ་སྣ་ཚོགས་ཀྱིས་བྲིས་པ་ལས་བརྩམས་པ་པོ་རང་རང་གིས་བྲིས་པ་རེད་ཟེར་ན་སུ་ཡང་སྤོབས་པ་ཞུམ་པའི་གནས་སུ་གྱུར།  བཀའ་དྲིན་ཅན་གྱི་ཕྱག་བསྟར་བ་དེ་ཚོ་ཚང་མ་ཤེས་ཡོན་པའི་སྡེ་དང་ནོར་འཁྲུལ་མེད་པ་ཤ་རྟག་བོ་བརྗོད་ནའང་ཚད་ལྡན་དུ་འགྱུར་མིན་ཐེ་ཚོམ་གྱི་གནས་ཏེ་བྱིན་ཅན་གནའ་དཔེ་ཡོད་བཞིན་དུ་འདྲ་བཤུས་ལ་ཚོགས་བསགས་རྟེན་བཞེངས་ལས་དགོས་པ་ཆེར་མ་མཐོང་ངོ་།།

   གཞུང་དཔེའི་བར་གསེང་དང་མཇུག་གི་མཆན་འགྲེལ་རྣམས་དད་ལྡན་མང་ཚོགས་ཀྱི་བློ་ཡི་ཐེ་ཚོམ་དང་ཡིག་རྫོབ་ཛར་ཛོར་འབག་བཙོག་མང་པོ་དཀའ་ཁག་གི་རྐྱེན་ལས།དད་པ་དང་ཡིད་ཆེས་ཀྱི་རྒྱབ་ལྗོངས་ཀྱི་གྲོགས་སུ་མི་འགྱུར་ཏེ་ཆད་ལྷག་ཡག་སྡུག་གི་འཛིན་སྟངས་སེམས་ལ་སྐྱེས་ཏེ་དཀའ་ངལ་སྣ་ཚོགས་སྤྲད་ཅིང་སྤྱོད་མི་འདོད་པའི་གནས་སུ་མི་ལྷུང་བའི་ངེས་པའང་མེད།  དུས་རབས་ཀྱི་སྤྱི་ཚོགས་འཕོ་འགྱུར་དབང་གིས་མཆན་བུ་དེ་ཚོའང་མ་དཔེ་དང་གོ་གནས་འདྲ་མཉམ་དུ་མི་འགྱུར་བའི་ངེས་པ་མེད་ལ་ལག་ལེན་བརྒྱུད་རིམ་གྱི་ཁྲོད་ནས་མྱོང་བས་ན།གལ་ཏེ་དེ་ལྟར་གྱུར་ན་བཀའ་དང་བརྟེན་པ་དེ་ཚོའི་ངོ་བོའམ་བྱིན་རླབས་འགྱུར་ན་ཅི་འདྲ་ཨང་།

   དུས་རབས་དང་འཚམ་པའི་གོ་བརྡ་སྤྲོད་པའི་སྐད་བརྡ་ཡང་འཕོ་འགྱུར་འགྲོ་བས་ན་རྩ་དཔེ་ཚིག་སྦྱོར་དང་བྲིས་གཟུགས་གནའ་ཉམས་ཡོད་ཐོག།  བུ་དཔེ་སྲོལ་རྒྱུན་གྱི་གཞུང་དང་འཐད་པར་རང་འདོད་དྲེགས་སེམས་ཀྱིས་ཐོད་བརྒལ་དུ་སྣོན་འཕྲིས་མ་ལྷད་ཅིང་བདེན་དོན་གནས་ལུགས་ཚུལ་མཐུན་གྱི་དུས་རབས་དེ་དང་འཚམ་པའི་གོ་བརྡ་སྤྲོད་བྱེད་ཀྱི་ཡིག་སྦྱོར་ཡང་འོས་བབ་ཀྱི་ཟོལ་ཡངས་པོར་ཕྱེས་ན་མཛེས་ལ་དོན་གོ་ཆེ་བར་སྙམ་མོ།།

   དེ་དག་སྲང་ལམ་ནས་ལས་སྦྱོར་བ་ཚོ་གང་ཟག་ཡིན་སྟབས་མཐུན་རྐྱེན་འཛོམ་མིན་དང་བསམ་པའི་ཟིན་མིན་གྲུབ་བརྙེས་ཀྱི་དགོངས་པའི་གཏིང་ཚད་ལོན་མིན་སོགས་ཀྱིས་ཡིག་ནོར་དང་བསྒྲིགས་ནོར་འབྱུང་མི་སྲིད་པ་ག་ལ་ཡིན་ཏེ།  ལྟ་གྲུབ་དང་ཞེ་ཕུགས་གཅིག་པའི་སྤྱི་ནོར་ལ་བྱི་དོར་གུས་བཀུར་ནང་ལུགས་ཟོལ་མེད་ཀྱིས་སྐྱོན་བརྗོད་ཐེར་འདོན་ལེགས་བཅོས་ཀྱི་ལྟ་སྤྱོད་ལས་ལྡོག་ཏེ།  གུ་དོག་པོའི་བློ་ཕུགས་བཙོག་པས་ཡ་མཆུ་དང་མ་མཆུ་ལྕེ་གསུམ་གྱི་འབད་རྩོལ་ཚིག་གོག་རྗེན་པ་ཁོ་ནའི་གཤེ་སྐུར་སྤོང་ཞིང་གཡོ་སྒྱུའི་འཁྲབ་སྟོན་བྲལ་ངོས་དག་སྣང་ཡིད་འོང་གི་རང་སེམས་བསམ་དཀར་གྱིས་འབྱོར་ལྡན་དུ་བྱུང་ན་ནང་བསྟན་གྱི་རྩ་བ་ལྷག་བསམ་དཀར་པོ་ཟད་མི་ཤེས་པའི་བདེ་སྐྱིད་རང་སེམས་ནས་བཞེངས་པའོ།།

   གཞན་ཡང་ཚིག་བརྡ་སྙན་མོ་ཞིག་སྟེ་དཔེ་བསྡུར་ཞེས་པའི་ཐ་སྙད་བེད་སྤྱོད་མཛད་ནས་དཔེ་རྙིང་འགའ་བསྡུ་རུབ་བྱས་ཏེ།  གོ་དོན་ཡོད་མེད་ལ་མི་དབང་བར་བརྡ་སྐད་ཡ་མ་ཟུང་དང་ཚིག་དོན་ནོར་འཁྲུལ་ལ་དཔྱད་ལོང་མེད་པར་གཟི་བརྗིད་དང་དཔང་རྟགས་སུ་རློམ་པ་ནི་སྤྲང་པོ་རྒྱལ་སར་བཀོད་པའི་དཔེ་ལས་གཞན་ཅི།ཟུར་དཔྱད་དེ་དག་ལ་དགེ་མཚན་མེད་པ་ཡང་ག་ལ་ཡིན་ཏེ་རྒྱབ་རྟེན་དང་ཡིད་ཆེས་སྤོབས་པ་སེམས་འཕང་གཟེངས་བསྟོད་ཀྱི་འབྱུང་རྩ་ཡིན་ཀྱང་ཧ་ཅང་ཐལ་དྲག་ན།མཇུག་འབྲས་ནི་དེ་ཡིན་དང་འདི་མིན་གྱི་ཁ་ཚོན་གཅོད་པ་དཀའ་སྟེ་ལོ་མཇུག་གི་དགུ་ཐུག་ཟེར་བ་ལས་མ་འདས་སོ།།

   འོན་ཀྱང་མིང་རྩིང་ཞིབ་དང་།ཐོབ་ཐང་མཐོ་དམན་དངུལ་ལོའི་མང་ཉུང་སྐྱེ་ས་བཟང་ངན་གང་ཡང་མེད་ངོས།བསྲེགས་བཅད་བདར་བའི་གསེར་བཞིན་དུ་དཔྱད་པ་ཟམ་མོ་སྔོན་སོང་གི་མཛད་འཕྲིན་སྐྱོང་བ་པོ་སུ་དང་གང་ལའང་དུས་དང་རྣམ་པ་ཀུན་ཏུ་ཡིད་རངས་ཤིང་དགའ་བ་སྒོམ་འོས་ཏེ།  སྤྱི་ཚོགས་དང་བསྟན་པ་ཁ་ཙམ་མིན་པར་མིག་རྒྱང་རིང་པོས་སྔོན་རྗེས་ལ་བློ་ཡིས་བརྟགས་ནས་སྐུ་ངལ་དང་འགྲོ་གྲོན་གྱི་འགག་འཕྲང་ལས་བྱུང་བའི་ལག་རྗེས་ཡིན་པས་ན་ཨེ་མ་ཧོ།རྨད་དུ་བྱུང་ངོ་།  །ངོ་མཚར་ཆེའོ།།ཕུལ་དུ་བྱུང་ངོ་།།

   མདོར་ན་ཚད་ལྡན་གྱི་གསུང་རབ་རིན་པོ་ཆེ་འདི་དག་སྔོན་བྱོན་སངས་རྒྱས་དང་སེམས་དཔའ་རིག་འཛིན་རྣམས་ཀྱི་གསུང་འཕྲིན་རྗེས་འཇུག་སྐྱེ་འགྲོ་ཀུན་ལ་གོ་བརྡ་སྤྲོད་བྱེད་ཀྱི་སྐྱིན་ཚབ་དུ་བཞག་པར་ཐེ་ཚོམ་མི་དགོས་ཏེ།  རྒྱུད་ལས།དངོས་གཞིར་གྱུར་པའི་སྐུ་ཡིན་ལ།  གོ་བརྡ་སྤྲོད་པའི་གསུང་དུ་གྱུར།  ཞེས་དང་།ལྷ་བོན་ལས།  སོ་སོ་རང་རང་སྒྲ་སྐད་ཅི་བཞིན་དུ།  འགྲོ་བ་རྣམས་ལ་བོན་གྱི་ཆར་འབབ་ཤོག།  ཞེས་དང་།  བསྟོད་ཕྱག་ལས།  ལྐུགས་པ་ཁ་འབྱེད་གྲོལ་བ་ལྗགས་ཀྱི་མཆོག།  བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་ལ།  ཞེས་དང་།  གཞན་ཡང་ཁམས་གཙང་ལ་ཚད་ལྡན་ཡིད་འོང་དུ་བཞེངས་དགོས་པར།  དྲི་མེད་ལས།  སྐུ་གཟུགས་ཆག་ཚད་མེད་པ་དང་།  གསུང་རབ་བརྡ་དག་མེད་པ་དང་།མཆོད་རྟེན་ཐིག་རྩ་མེད་པ་རྣམས།རྒྱུ་སོང་འབྲས་བུ་ཙམ་མ་གཏོགས།དོན་གྱི་ཡོན་ཏན་མ་མཐོང་སྟེ།  བསྟན་པ་དྲི་མས་སྦག་པ་ཡིན།  ཞེས་འཁྲུལ་མེད་གཡུང་དྲུང་གི་ལུང་ལས་བྱུང་བཞིན་དཔེ་ཆ་དང་དཔེ་བསྐྲུན་གྱི་ཉིང་དགོས་སེམས་ལྡན་གྱི་མོས་ཁམས་དང་བསྟུན་ནས་བླངས་དོར་སོ་སོར་ངོ་འཕྲོད་ཅིང་གོ་བརྡ་ཐུག་པར་བྱུང་ན་གསུང་རབ་ཀྱི་འཕྲིན་ལས་དར་རྒྱས་ཡིན་པ་མཁྱེན་འཚལ་ལོ།།

     རྣམ་དཔྱོད་འཕྲུལ་རྩལ་ཟབ་མོའི་སྡེབ་སྦྱོར་ལས།

     རྣམ་དག་བཀའ་དང་བརྟེན་པ་ཅི་སྙེད་པ།

     རྣམ་མང་བསོད་ལྡན་ཡོངས་ལ་བཤམས་སྟོན་གྱིས།

     རྣམ་ཀུན་ཤེས་རབ་མིག་འབྱེད་དགེ་ལེགས་ཕོབས།

   ཞེས་པ་འདིའང་བློ་ཁ་འདི་རིགས་ལ་ཕྱོགས་ནས་རྣམ་དཔྱོད་ཤེས་རིག་ལ་ཡར་རྒྱས་ཞན་ཀྱང་ལག་ལེན་དཀའ་ངལ་གདོང་གཏད་ཀྱི་ཉམས་མྱོང་ཡུན་རིང་དུ་བསགས་ཁུལ་བ་རྔུལ་ཚའི་བུ་ཕྲུག་གིས་སྤོས་ངད་ལྡན་པའི་གྲོང་ཁྱེར་གྱི་ཤར་ཟུར་འབྲུ་རིགས་ཤིང་འབྲས་རྩི་ཐོག་སྣ་མང་གིས་སྤྲས་པ་རིའི་འདབས་རོལ་སྐྱེད་ཚལ་ཉམས་དགའ་བའི་གླིང་།  དཔར་འདེབས་བཟོ་གྲྭའི་ཉལ་ཤག་གཟི་བརྗིད་ཁང་བཟང་ནས་ལས་ཀའི་བར་གསེང་དུ་བརྗེད་ཐོ་ཙམ་ཞིག་བྲིས་པ་འདི།  གུས་པ་སྒེར་གྱི་བསམ་བློ་ཙམ་ལས་གཞན་གང་གི་ཚབ་མཚོན་མི་ཐུབ་པ་དེའང་དོན་ལྡན་དུ་གྱུར་ཅིག།༢༠༡༨/༤/༤བོད་ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན་མོར།   སྤུངས་སོ་སྨར་རོ།།

 




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།