
ཡིད་ཁམས་སྐྱོམ་པའི་མགུར་མ།
ལྷོ་རོང་།——ཁྲ་སྣང་དགའ།
རང་སེམས་རྟ་རྒོད་བྱེད་ནས་རང་དགར་དུ་འཆམ་བཞིན།།
ཉམས་ཆུང་དགེ་སྦྱོངས་མོད་པའི་རི་དགོན་དུ་འགྲིམ་ན།།
རྣམས་རྟོག་རང་ཁ་རྒོད་པས་བདེ་མལ་རང་མི་འདུག།
སྟོབས་འབྱོར་རྣམ་སྲས་བོང་བ་ཚེ་ལུས་དང་འགྲོག་བཞིན།།
འཕངས་སེམས་ཡི་དྭགས་ཁ་བཞིན་མེད་མུག་གིས་ཟིན་ན།།
སྦུར་ནག་ས་ཆེན་ཟད་པའི་སྡུག་བསྔལ་དུ་ཡིན་འགྲོ།།
དགའ་ཉེ་ཆགས་སྡང་རྩོད་སའི་གཡུལ་ས་རུ་བཙལ་བཞིན།།
དགེ་སྡིག་བྲེ་སྲང་འཇལ་བའི་བཙུན་གཟུགས་སུ་སྒོམ་ན།།
མདའ་མོ་སྟོང་རྒྱབ་བྱེད་པའི་རྔོན་པ་རུ་མིན་འགྲོ།།
རྒྱུ་ནོར་སྙིང་པོ་མེད་པའི་འགུར་དབྱངས་དེ་གྱེར་བཞིན།།
ཉིན་ཉིན་སྒོར་ཟུར་བསྡུ་བའི་བླ་གཟུཊ་སུ་སྤྲུལ་ན།།
ཁྱི་འཁྱམས་རྟོག་ངུ་ཤོར་བའི་ངང་ཚུལ་དེ་འགོག་འགྲོ།།
རང་ཁྲིམས་སྲུང་སྒོ་མ་ཐོན་ཡིན་ཡིན་དུ་འགྲོ་བཞིན།།
གྲྭ་ཇོ་སྐྱེ་སྲིང་དགོས་པའི་སྐད་ངན་དེ་མོད་ན།།
འདུལ་སྡོམ་ལམ་ལུགས་འགྱུར་བའི་ཉེན་ཁ་རུ་ཡིན་འདུག།
ཁ་ནས་ལུང་སྟོང་བཀང་བའི་བསྟན་དོན་དུ་འུར་བཞིན།།
སྡེ་དགོན་དབྱེན་འཁྲུགས་སློང་བའི་ཇུས་ངན་དེ་མོད་ན།།
རང་ཤ་ཁྱི་སྔོན་འཕེན་པའི་གཏུམ་སྤྱོད་དུ་ཡིན་འདུག།
མི་ཚེ་ཐོས་བསམ་སྐྱལ་བའི་དགེ་བྱེད་དུ་རློམ་བཞིན།།
ལས་སྤྱོད་ངོས་ལྐོག་འཕེར་བའི་ལག་ལེན་རང་མེད་ན།།
ཚེ་ལུས་ཐོས་བསམ་སྐྱལ་བའི་དགོས་མེད་དུ་ཡིན་འགྲོ།།
༢༠༡༨/ ༣ /༡༡/ཉིན།