༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 18
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 2 འབྲོག་པའི་དམངས་སྲོལ།
2 འབྲོག་པའི་དམངས་སྲོལ།
ཕྱི་ལོའི་སྔོན་གྱི་བླ་མ་ཚེ་དབང་རིག་འཛིན་གྱིས་བོན་གཏེར་སྦས་པའི་གནས།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2018-01-20] [རྩོམ་པ་པོ།:གཡམ་དྲང་སྲོང་] [གཟིགས་ཐེངས:]

QQ图片20180120203915.jpg

སྟེང་ཆེན་སྤུ་རྒྱལ་ཁུལ་གྱི་གཡམ་བྲག་གཡུ་མཚོ་དང། གཏེར་སྲུང་བཙན་རྒྱལ་རྡོ་རྗེ་འབར་བ་གཉིས་ནི་ཁྱུང་པོ་སྟེང་ཆེན་རྫོང་གི་བྱང་རྒྱུད་དུ་གནས་ཡོད། དེ་ཡང་གསེར་ཙ་ཤང་ནས་སྤྱི་ལེ120མཚམས་ཀྱི་ས་རུ་དམུ་ཐ་ཤང་གཡམ་ཐ་ཚུན་གྱི་ས་ཁོངས་གནས་ཡོད། གཡམ་ཐ་ཚུན་གྱི་ས་ཆའི་སྤྱི་མིང་དུ་གཡམ་གཞུང་ཟེར་གྱི་ཡོད། གཡམ་གཞུང་གི་སྟོད་དུ་གཡམ་བྲག་གཡུ་མཚོ་གནས་ཡོད། གཡམ་བྲག་གཡུ་མཚོ་ནི། གཡུ་ལྗང་གི་མདོག་ལྟར་དྭངས་ཤིང་། མེ་ལོང་གི་གོར་དབྱིབས་ལྟར་གཡམ་བྲག་གི་རི་འགྱིང་དུ་འཁྱིལ་བའི་མཚོ་ཞིག་ཡིན། དེ་ཡང་མཚོ་འདི་ནི་རང་གར་འཁྱིལ་བའི་མཚོ་མོ་ཕལ་དང་མི་འདྲ་བའི་ལོ་རྒྱུས་ཡོད་པ་སྟེ། སྤྱི་ལོའི་སྔོན་གྱི་ལོ(888)ཞང་ཞུང་གི་བླ་མ་དྲན་པ་ནམ་མཁའི་སྲས་སུ་སྐུ་འཁྲུངས་པའི་འགྲོ་མགོན་ཚེ་དབང་རིག་འཛིན་གྱིས་བྱིན་བརླབས་པའི་གནས་མཚོ་ཡིན་པ་ཡིག་ཆ་ཚད་ལྡན་ལས་གསལ་བ་སྟེ། གནའ་བོའི་བོན་གྱི་ཆོ་ག་གཡང་སྒྲུབ་བདུད་རྩི་ཟིལ་ཐིག་ལས།  དེ་ལྟར་གཡང་སྒྲུབ་བདུད་རྩི་ཟིལ་ཐིག་ཞེས་བྱ་བ་འདི་ཡང་། མ་འོངས་ཕྱི་རབས་གཤེན་པོ་རྣམས་ཀྱི་དོན་ཆེད་དུ། ཞེས་པ་ནས་བོན་གྱི་ཆོ་ག་དེ་དང་པོ་དར་བའི་ཚུལ་དང་བར་དུ་རིམ་གྱིས་རྒྱུད་ཚུལ་བསྟན་ཞིང་། མཐར་བཙན་པོ་གྲི་གུམ་གྱི་དུས་སུ་བན་བོན་དར་ནུབ་བྱུང་བ་དང་། བོན་རྣམས་གཏེར་དུ་སྦ་དགོས་པའི་སྐབས་སུ་གཏེར་ཁ་ཆ་གཉིས་སྦས་པར་བསྟན་པའི་ནང་ནས་གཞུང་དེ་ཉིད་ལས། ཆ་གཅིག་ཚེ་དབང་རིག་འཛིན་གྱིས་བསྣམས་ནས་གྱིམ་ཤོད་གནས་ཀྱི་བྱང་ནུབ་རིག་འཛིན་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས། མ་གྲོས་གཡུ་ཡི་མཚོ་མོ་ཁྲུས་ཀྱི་རྫིང་བུའི་ནང་དུ་གཏེར་དུ་སྦས། གཏེར་སྲུང་བཙན་རྒྱལ་རྡོ་རྗེ་འབར་བ་དང་ཀླུ་མོ་དཀར་མོ་གཉིས་ལ་གཉེར་དུ་གཏད་ནས། ཕྱིས་སུ་དུས་ལ་བབ་ཚེ་ལས་ལྡན་སྐྱེས་བུ་བདག་གིས་བྱིན་གྱིས་བརླབས་པའི་བུ་ལ་འཕྲོད་པར་གྱིས་ཤིག  ཅེས་གསུངས། དེའི་སྐབས་ཀྱི་མ་གྲོས་གཡུ་ཡི་མཚོ་མོ་ཟེར་བ་དེ་གཡམ་བྲག་གཡུ་མཚོ་འདི་ཉིད་ཡིན་པ་དང་། གཏེར་སྲུང་བཙན་རྒྱལ་རྡོ་རྗེ་འབར་བ་ཟེར་བ་དེ། གཡམ་ཐའི་ཡུལ་ལྷ་གཙོ་བོ་བཙན་རྒྱལ་རྡོ་རྗེ་འབར་བའམ་མིང་གཞན་དུ་ཆགས་ཕུ་རི་དམར་ཟེར་བ་དེ་ཡིན།  དེས་ན་གཡམ་བྲག་གཡུ་མཚོ་དང་བཙན་རྒྱལ་རྡོ་རྗེ་འབར་བ་གཉིས་ནི་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་བྱང་ཤར་དུ་གནས་པའི་སྤུ་རྒྱལ་ཁུལ་གྱི་གྲགས་ཅན་གྱི་ཡུལ་ལྷ་གཞི་བདག་ཡིན་པ་མ་ཟད། བོན་གྱི་སྐྱེས་ཆེན་དྲན་པ་ཡབ་སྲས་གསུམ་གྱི་ཡ་གྱལ་འགྲོ་མགོན་ཚེ་དབང་རིག་འཛིན་གྱིས་བྱིན་གྱིས་བརླབས་པའི་གནས་རི་ཡིན་པ་གོང་གསལ་དཔེ་ཆ་ལས་གསལ་བ་མ་ཟད། ད་དུང་ཚེ་ཡི་སྒྲུབ་པ་ཡེ་ཤེས་གྲ་གུར་དང་། བླ་འགུག་སྲོག་གི་ཀ་བ། གཡང་འགུག་ནོར་བུའི་ཕྲེང་བ་སོགས་ཁུངས་ལྡན་དཔེ་རྙིང་མང་པོ་ལས་གོང་གསལ་བཞིན་འགྲོ་མགོན་ཚེ་དབང་རིག་འཛིན་གྱིས་བྱིན་གྱིས་བརླབས་པའི་གཏེར་གནས་ཡིན་པ་ཡང་ནས་ཡང་དུ་གསལ་བཞིན་འདུག་པས་དེ་བཞིན་རིམ་པ་ཁག་གི་ལས་བྱེད་རྣམ་པ་དང་། ས་གནས་ཀྱི་མང་ཚོགས་རྣམ་པ་ཀུན་གྱིས་དོ་སྣང་གནང་བར་ཞུ་རྒྱུ་ཡིན། གནས་འདི་ནི་ཆེས་གནའ་བོའི་དུས་སྟེ་ཕྱི་ལོའི་སྔོན་གྱི་ལོ་བརྒྱད་བརྒྱའི་གོང་ཙམ་ནས་བོན་གྱི་གཏེར་གནས་གལ་ཆེན་ཞིག་ཡིན་པ་མ་ཟད། བར་དུ་ག་ཤེལ་ཁྲི་ཆེན་གྱིས་ཚེ་གཡང་སྒྲུབ་པའི་གཞུང་གི་སྐོར་རྣམས་གཏེར་དུ་བཞེས་སའི་གནས་མཆོག་ཁྱད་པར་ཅན་ཡིན། དེ་ཡང་གནས་འདིར་ངེས་པའི་རྒྱུ་མཚན་ནི། ཚེ་སྒྲུབ་འོད་དཀར་དཔག་མེད་དང་། གཡང་སྒྲུབ་བདུད་རྩི་ཟིལ་ཐིགས་གཉིས་གཙོ་བོ་བྱས་པའི་ཚེ་གཡང་སྒྲུབ་པའི་གཞུང་གི་སྒྲུབ་སྐོར་དང་བཅས་པ་ཕལ་ཆེ་བ་གཏེར་མ་དང་། འགའ་ཞིག་ག་ཤེལ་ཁྲི་ཆེན་མཆོག་གིས་མཛད་པ་ཡིན་འདུག་ཅིང་། གཏེར་མ་ཡིན་པ་དེ་དག་ཀུན་གྱི་མཇུག་ཏུ་གཏེར་སྲུང་བཙན་རྒྱལ་རྡོ་རྗེ་འབར་བ་དང་། ཀླུ་མོ་དཀར་མོ་གཉིས་ལ་གཉེར་དུ་གཏད་ཅེས་གསལ་བས་སོ།། ལྷག་པར་དུ་དཔོ་ཁྲེ་གཡུང་དྲུང་ཚུལ་ཁྲིམས་སམ་དཔོ་ཁྲེ་མཚམས་པ་ཞེས་པའི་རྣལ་འབྱོར་པ་དེས་བླ་མེད་རྫོགས་པ་ཆེན་པོའི་འོད་གསལ་གདམས་པ་རྣམས་ཉམས་སུ་བཞེས་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་སའི་དབེན་གནས་ཀྱང་གཡམ་བྲག་གཡུ་མཚོ་འདི་ཉིད་ཡིན། གནས་མཚོ་འདི་ཉིད་ལས་དངོས་བྱུང་གི་ཡ་མཚན་ཁྱད་པར་བ་མཐོང་དུ་ཡོད་པ་སྟེ། སྤྱི་ལོ1995ལོའི་ཡར་མར་ཙམ་ཞིག་ཏུ་ཕྲན་དང་མི་ཁ་ཤས་མཚོ་འགྲམས་ནས་ཕྱུགས་ཟོག་མཚོ་ཁྲུས་གསོལ་བ་དང་མཚོ་སྐོར་རྒྱག་པའི་གནས་སྐབས་ཤིག་ལ། མཚོ་ནང་ནས་བེའུ་ངུར་སྐད་ཀྱང་དངོས་སུ་ཐོས་མྱོང་བ་དང་། དེ་དང་དེ་བཞིན་ས་གནས་ཡུལ་མི་མང་པོས་མཚོ་ནས་རྔ་གཤང་གི་སྒྲ་དང་། ཕྱུགས་ཟོག་ངུར་དབྱངས་སོགས་ཐོས་མྱོང་བའི་སྐད་ཆ་མང་པོ་ཡོད།

ཅེས་ངོ་སྤྲོད་ཙམ་དུ་གཡམ་དྲང་སྲོང་གིས་བྲིས།

སྤུ་རྒྱལ་ཁུལ་གཡམ་གཞུང་གི་རི་སྐྱེས་སྲོག་ཆགས།

QQ图片20180120203921.jpg

QQ图片20180120203925.jpg

QQ图片20180120203928.jpg

QQ图片20180120203932.jpg




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།