༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
རྗེ་སྨན་རི་བ།
[རྩོམ་ཁུངས།:ཁྱུང་པོོའི་དྲྭ་བ།] [ཟླ་ཚེས།:2017-11-06] [རྩོམ་པ་པོ།:ཁྲ་སྣང་དགའ།] [གཟིགས་ཐེངས:]

129F300BED18F57015456BA52B835809.jpg  


རྗེ་སྨན་རི་བ། 


  ལྷོ་རོང་།                        ཁྲ་སྣང་དགའ། 


ཁྱེད་སྐུ་རྟ་བདུན་དབང་པོ་རི་ཕྲན་སྟོང་གི་རྩེ་ནས་འཆར།།

སྒང་པ་བོན་གྱི་འདུས་སྡེ་བྱེ་བའི་གཙུག་ན་མངོན་པར་མཛེས།།

ངེས་འབྱུང་ཚུལ་ཁྲིམས་ཟབ་མོའི་པད་མའི་ཚལ་ཆེན་རབ་ཏུ་རྩེན།།

ལྔ་བདོའི་བོན་ལ་བཀའ་དྲིན་ལྕི་བའི་སྨན་རི་བ་དེར་འདུད།།

ཁྱེད་ཀྱི་ཐུགས་གཤིས་དབང་ཆེན་གསེར་རི་ལྷུན་པོའི་འཕང་བ་རུ།།

དམ་ཚིག་དྲི་བསུང་འཐུལ་བའི་ཙན་དན་ནགས་ཀྱི་ལྗོན་ཚལ་རྒྱས།། 

ཕྱི་ཚུལ་ནང་ཁྲིམས་གཙང་མས་སྨིན་གྲོལ་ལམ་གྱི་སྐྱེ་ཤིང་འཛུགས།།

སྒོ་གསུམ་སྔོན་བྱོན་སྲས་བཅས་རྒྱལ་བའི་ཚོགས་ཀྱི་ཞལ་ངད་འཐུལ།།

གངས་ཀྱི་ཆུ་རྒྱུན་བཞུར་བའི་སྨན་རི་ཚང་གི་སྲོལ་འཛིན་པ།།

འཁོར་འདས་སྤྱི་རྒྱ་གཅོད་པའི་བྱ་རྒྱལ་ཁྱུང་གི་གཤོག་རྩལ་རྒྱས།། 

གང་དེ་གཤེགས་བཞུག་མི་མངའ་ནམ་མཁའི་སེམས་ཀྱི་དབྱིངས་སུ་སྤ།།

གདུལ་ཁམས་རྟག་འཛིན་ཞི་ཕྱིར་ཞབས་ཀྱི་པད་མོ་གཞན་དུ་བསྒྱུར།། 

སྲིད་གསུམ་སྡུག་བསྔལ་འགྲམ་གཞི་ས་ཆེན་འདི་ཡི་ཐིག་ལེ་རུ།།

བྱམས་བརྩེའི་སྦྲང་ཆར་སིལ་མས་གདུལ་བྱའི་ཁམས་ཀྱི་ས་གཞི་བརླན།།

སྨིན་གྲོལ་གེ་སར་བཞད་པའི་ལང་ཚོའི་བསོད་ནམ་ཚོགས་སུ་གཞེངས།།

ཁྱེད་སྐུ་ཉི་ཟླའི་འོད་སྣང་སྲིད་པའི་ཁམས་སུ་དཔེ་ཟླ་འོས།། 

ཞེས་རྗེ་སྨན་རི་བའི་དགོངས་རྫོགས་ཀྱི་ཞག་པོ་ལྔ་བཅུ་ཉིན་༼ཁྲ་སྣང་དགའ༽པས་རྗེས་དྲན་གྱི་ཚུལ་དུ་བྲིས།  

                                ༢༠༡༧/༡༡/༥/ཉིན།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།