༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
བོད་ཀྱི་ཇོ་མོ་ཞིག་གིས་མའི་བསམ་བློ་དང་བུད་མེད་ཀྱི་ཐོབ་ཐང་གླེང་བ།
[རྩོམ་ཁུངས།:ཁྱུང་པའི་དྲ་བ།] [ཟླ་ཚེས།:2017-09-15] [རྩོམ་པ་པོ།:ཞང་གངས་རླུང་།] [གཟིགས་ཐེངས:]

     གཅིག སྤྱིར་འཛམ་གླིང་ས་ལྒང་རི་མོ་འདིའི་ཐོག་ཤ་ཁྲག་ཁུར་བའི་སྲོག་ཅན་གྲངས་ལས་འདས་པ་ཞིག་ཡོད་མོད།  སྐྱེ་སྔོན་བསགས་པའི་རྣམ་སྨིན་ནམ་སྤྱི་མཐུན་ལས་དབང་བཙན་པོ་ཞིག་གིས་ང་ཚོ་ནི་རྐང་གཉིས་ཞེས་པའི་འགྲོ་བ་མི་ཡི་གྲལ་དུ་སྐྱེ་བར་འཕངས།  འགྲོ་བ་མི་ཞེས་པ་ནི་སེམས་ཅན་གཞན་ལས་ལྷག་པའི་འདུ་ཤེས་དང་བསམ་བློ་ཅན་ཞིག་ཡིན་པར་སྨོས་མི་དགོས། དེར་བརྟེན་ང་ཚོས་རང་ཉིད་ཀྱི་ཐོབ་ཐང་ལ་བརྩོན་ལེན་དང་། དགའ་ཞེན་ལ་བརྩི་འཇོག་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབ་པའི་འགན་འཁྲི་གཙོ་བོ་དེ་རེད། རྒྱུ་མཚན་དེའི་ཕྱིར་རང་ཉིད་ཀྱི་ཐོབ་ཐང་ལ་རང་ཉིད་ཀྱིས་བརྩོན་ལེན་བྱེད་དགོས་པ་ལས། གཞན་གྱི་ལག་ནས་འདི་ཞེས་ཡོང་བར་དཀའ་ལ། རང་ཉིད་ལ་མི་དབང་བའི་ཕ་རོལ་གཞན་གྱི་ཅ་དངོས་དང་གོ་ཐོབ་སོགས་ཀྱང་དབང་བར་མི་སྲིད། དྲང་བདེན་དང་གནས་ལུགས་ཀྱི་སྒོ་ནས་རང་ཉིད་ལ་གང་དབང་བ་དེ་ཉིད་རང་ཉིད་ཀྱིས་བདག་སྐྱོང་དང་འགན་ཁུར་ཡག་པོ་ཞིག་བྱེད་ཐུབ་ན་ད་གཟོད་ཁྱོད་ཀྱིས་ཐོབ་ཐང་ལ་བརྩོན་ལེན་བྱེད་པའི་ཁ་ཕྱོགས་མ་ནོར་བ་རེད།


     གཉིས། ཕོ་མཆོག་མོ་དམན་ཞེས་པའི་ཀླད་རྙིང་གི་ལྟ་བ་འདི་སྔར་ནས་ཡོད་བསྡད་པ་ཞིག་རེད་ལ་ནད་རོ་འདི་ད་དུང་ཡང་དོར་མ་ཐུབ་པར་མ་ཟད་ཁྱད་པར་དུ་ཉེར་གཅིག་དུས་རབས་ཆེན་མོའི་གྲལ་དུ་སྤྱི་ཚོགས་ཀྱི་འཕོ་འགྱུར་གང་ཞིག་སོང་ཡང་རང་རེ་བོད་པ་ཚང་ལ་ནད་རོ་འདི་ཉིད་ད་དུང་ཡང་ལུང་པ་ཀྱག་ཀྱོག་འགའ་ལ་མངོན་དུ་ལྡང་བཞིན་པ་རེད། འོན་ཀྱང་། ཐོབ་ཐང་དེ་ཉིད་གཅིག་ནས་སྔོན་མའི་གོམས་གཤིས་དང་སྲོལ་རྒྱུན་བཞིན་བུ་ཡག་ས་དང་བུ་མོ་སྡུག་ས་ལ་འཇོག་ནས་བཞག་པ་ཙམ་མ་ཟད་ཐ་ན་རང་ཉིད་ཀྱི་དྲིན་ཆེན་ཕ་མ་དག་གིས་ཀྱང་དེ་ལྟར་བྱེད་སྲོལ་ཡོད་རེད་།  དཔེར་ན།  སྔོན་མ་ཡིན་ན་དུད་ཚང་ཞིག་ལ་བུ་གཅིག་དང་བུ་མོ་གཅིག་བཅས་ཕྲུ་གུ་གཉིས་ལས་མེད་བ་ཡིན་ན་དེ་གཉིས་ཀྱི་ནང་ནས་གཅིག་སློབ་གྲྭ་འགྲོ་བའི་གོ་སྐབས་ཡོད་པའི་དབང་དུ་བཏང་ན། བུ་དེ་མ་གཏོགས་བུ་མོ་དེས་མི་འཇོན་པ་དང་རིག་གནས་བསླབ་ཀྱང་མི་ཤེས་པ་སོགས་འབྲེལ་མེད་རྒྱུ་མཚན་གྱིས་ལུང་སྟོང་བཀང་སྟེ། བུད་མེད་དག་ལ་ཁྱིམ་ལས་ཙག་ཙིག་དང་ནོར་ནག་དུད་འགྲོའི་ཕྱུག་རྗེས་སོགས་འགན་འཁྲི་ལྕི་མོ་ཞིག་ལས་གཞན་པའི་ཐོབ་ཐང་གང་ཡང་མི་གཏད་པ་རེད། བུད་མེད་དག་གིས་ཀྱང་ངས་ཅི་ཡང་མི་འཇོན་སྙམ་ནས་མགོ་འཕང་དམའ་མོ་དང་ཉམས་དམའ་བའི་སྒོ་ནས་ལམ་ཁ་དེར་འགྲོ་གི་ཡོད་རེད།   དེ་གཅིག་ནས་སྲོལ་རྒྱུན་གྱིས་བཞག་པའི་བག་ཆགས་ངན་པ་དང་། གཉིས་ནས་རང་ཉིད་ཀྱི་ཐོབ་ཐང་ལ་རང་ཉིད་ཀྱིས་བརྩོན་ལེན་མ་བྱས་པའི་སྐྱོན་དུ་ཟད། དེང་སང་ནི་སྔར་དང་མི་འདྲ་བར་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་གཞུང་གཉེར་སློབ་གྲྭ་དང་བཟོ་གྲྭ། ཚོང་ལས་སོགས་གཙོས་པའི་ཕོ་མོ་ཕན་ཚུན་འདྲ་མཉམ་གྱི་ཐོབ་ཐང་འོག་ནས་རང་ཉིད་ལ་དབང་བའི་ལམ་བུ་འཚོལ་སྐྱོང་བྱེད་ཆོག་པ་རེད།  འོན་ཏེ་གོང་བཤད་ལྟར། ང་ཚོའི་ལུང་པ་ཁུག་སྐྱོག་འགའ་ལ་ཁྱིམ་ཚང་དང་ཕ་མ་ངན་པའི་འདུ་ཤེས་ཀྱི་འོག་ནས་བུད་མེད་རྣམས་སྔར་བཞིན་ཁྱིམ་ལས་གཉོར་སྐྱོང་ཙམ་ལས་གོ་སྐབས་མེད་ལ་འདི་ཉིད་མཐར་གཏུགས་ན་རང་ཉིད་ཀྱིས་རང་ཉིད་ལ་དབང་བའི་ཐོབ་ཐང་དེ་ལ་འབད་པ་མ་བྱས་པའི་སྐྱོན་རེད་ལ།  རང་ཉིད་ཀྱིས་རང་ཉིད་ལ་དབང་བའི་ཐོབ་ཐང་ལ་བརྩི་འཇོག་དང་བརྩོན་ལེན་མ་བྱས་པའི་སྐྱོན་ཁོ་ན་རེད། རང་ཉིད་ཀྱིས་རང་ཉིད་ལ་མཐོང་ཆུང་དང་བརྙས་བཅོས་བྱས་ནས་དེའི་ཕྱོགས་ལ་གོམས་པ་སྤོ་ནས་ལམ་འགག་དེར་འགྲོ་མ་ཕོད་པའི་སྐྱོན་རེད།   གང་ལྟར་ང་ཚོ་བུད་མེད་ཚོས་གཞན་པས་བཤད་པ་བཞིན་རང་ཉིད་ཀྱིས་མི་འཇོན་སྙམ་པའི་ནད་རོ་འདི་ཀླད་པའི་ནང་ནས་མ་དོར་བར་དུ་རང་ཉིད་ཀྱི་ཐོབ་ཐང་ལ་བརྩོན་ལེན་བྱེད་པའི་སེམས་ཤུགས་དང་སྤོབས་པ་ནམ་ཡང་སྐྱེ་མི་སྲིད། ང་ཚོས་རང་ཉིད་ཀྱི་ཐོབ་ཐང་ལ་རང་ཉིད་ཀྱིས་བརྩོན་ལེན་དང་འབད་པ་བྱས་ནས་མི་གཞན་གྱིས་གང་བྱུང་བེད་སྤྱོད་གཏོང་དུ་ཆོག་པའི་ཅ་ལག་ལྟ་བུ་ཞིག་བྱེད་དུ་གཅུག་མི་རུང་། དཔེར་ན།   ང་ཚོ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཚོས་ཁོང་ཚོ་ད་ལྟ་ཐོབ་བསྡད་པ་དང་དབང་བསྡད་པའི་ཐོབ་ཐང་དང་གོ་ས་དེ་དག་ཁོ་རང་ཉིད་ཀྱིས་དཀའ་ངལ་དང་དཀའ་ཚེགས་ལ་མི་འཛེམ་པར་སེམས་སྤོབས་ཆེན་པོའི་ངང་ནས་འབད་པ་ལྷོད་མེད་བྱས་ནས་ཐོབ་ཐང་དེ་རང་ཉིད་ལ་ཐོབ་ཡོང་བ་ཞིག་རེད། གང་ལྟར་དེ་ཚོ་ཙམ་མ་ཟད་རང་ཉིད་ལ་ཐོབ་ཐང་དང་གོ་ས་ཡོད་པའི་མི་ཞིག་ཡིན་ནས་བཟུང་ལམ་འགག་དེར་བརྒྱུད་ནས་ཡོང་བ་ཤ་སྟག་ཡིན་ཙང་། ང་ཚོས་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་དང་སེམས་སྤོབས་ཆེན་པོས་མདུན་བསྐྱོད་ཀྱི་གོམ་ཞིང་ཆེ་རུ་སྤོ་རྒྱུའི་དམ་བཅའ་སྙིང་ལ་གཟེར་གྱིན་དུས་རབས་རིམ་པའི་མི་གྲལ་ནས་ཤར་བསྐྱོད་བྱེད་དགོས་པ་གལ་ཆེ། དཔེར་ན། མི་གཞན་གྱིས་འདི་ལྟར་རང་ཉིད་ཀྱིས་ཐོབ་ཐང་ལ་རང་ཉིད་ཀྱིས་བརྩོན་ལེན་ཐུབ་དུས་ང་ཚོས་ཀྱང་ལོས་བྱེད་ཐུབ་སྙམ་པའི་སྙིང་སྟོབས་ཀྱི་འདུ་ཤེས་མ་ཉམས་པར་བྱེད་དགོས། 

     གསུམ།  ངས་བུད་མེད་ཀྱི་ཐོབ་ཐང་གླེང་ཁུལ་གྱིས་ཕོ་མོའི་བར་དུ་འགལ་འདུ་དང་འཁྲུག་རྩོད་སློང་བསམ་པ་མིན་ལ། རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་རང་ཕྱོགས་ལ་བསྟོད་པ་དང་གཞན་ཕྱོགས་ལ་སྨད་པ་བཏང་བ་ལྟ་བུ་ལར་ནས་མིན། འདི་ནི། མི་རིགས་ཡར་རྒྱས་ཀྱི་ཐབས་ལམ་འཚོལ་བ་དང་། སྤྱི་ཚོགས་གོང་འཕེལ་གྱི་གནད་ཀ་ལ་བསམ་བློ་བཏང་བ་ཞིག་ཡིན། རྒྱུ་མཚན་ནི། མི་རིགས་གང་དང་སྤྱི་ཚོགས་གང་ཞིག་ཡིན་ཡང་ཕོ་མོ་གཉིས་ཀས་གྲུབ་པ་ཞིག་ཡིན་པས་དེ་གཉིས་གདམ་གསེས་ཀྱི་ཐོག་ནས་གཅིག་ཤོས་རྗེས་ལུས་སུ་སོང་ན་མི་རིགས་དེ་ཉིད་ཕྱེད་ཀ་རྗེས་སུ་ལུས་པ་རེད། དེས་ན་སྤྱི་ཚོགས་དེ་ཉིད་ཡར་རྒྱས་དང་དཔལ་ཡོན་ལྡན་པ་ཞིག་དགོས་ན་དེ་དག་ཐུན་མོང་ལ་ཡར་རྒྱས་འགྲོ་དགོས་པས། མི་རེ་གཉིས་ཡར་རྒྱས་སུ་སོང་བ་ཙམ་གྱིས་མི་ཆོག་པ་བཞིན་ཡིན། དེས་ན་ང་ཚོས་ཕོ་མོ་ཐུན་མོང་ནས་འདི་ལྟར་རང་ཉིད་ཀྱི་ཁ་དང་ལག་པ་བསམ་བློ་གསུམ་ཀར་འགུལ་སྐྱོད་རེ་གཏོང་ནས་རྗེས་ལུས་དང་རྨོངས་འཆར་གྱི་ངང་ནས་དུས་མི་འདའ་བར་མདུན་སྐྱོད་ཀྱི་སྤོབས་པའི་གསོན་ཤུགས་ཆེས་ཆེར་རྒྱས་པར་བྱེད་དགོས་པ་ཡིན་ནོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།