
སྤྱི་བོའི་རྒྱན་དུ་ཆེ་བའི་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་
གསུམ་པ་མཆོག་ལ་བརྟན་བཞུགས་ཀྱིས་ཚུལ་དུ་ཚིག་བཅད་ཧི་མ་ལའི་
འཚེར་སྒྲ་ཅེས་པའི་མཉམ་དུ་གསོལ་བ་
བཏབ་པ།།
རྩོམ་པ་པོ། ཁྱུང་བསྟན་རྒྱས།
ཁྱེད་སྐུ་མི་འཇིག་གདོང་ལྔའི་ཁྲི་ནས་མཚན་དཔེའི་མེ་ཏོག་རྟག་ཏུ་འཚེར།།
རིན་ཆེན་གསེར་གྱི་སྐུ་མཆོག་བཟང་པོ་གདུལ་བྱའི་མགོན་དུ་འཛུམ་པར་ཞུ།།
ཕྲིན་ལས་མི་ཟད་རྒྱན་གྱི་ལོངས་སྤྱོད་སྐལ་ལྡན་ཞིང་དུ་བསྐོར་ཞིང་བརྐྱངས།།
ངོམ་མེད་དད་ལྡན་ཁྲི་མ་འབུམ་གྱི་སྤྱི་བོའི་རྒྱན་དུ་བསྐལ་པར་བཞུགས།།
ཉིད་ཀྱི་གསུང་དབྱངས་ཨུན་ཆེན་དུང་དཀར་སྟོང་གསུམ་ཀླད་ནས་གཡུ་འབྲུག་འཁུ།
དབྱངས་གསལ་ཀློང་ནས་བྱིན་རླབས་ཆར་པ་རེ་སྒུག་བྱ་བ་གྲངས་མེད་སྲིད།།
ལེགས་བཤད་རྣམ་དག་དཔྱིད་ཀྱི་རྒྱལ་མོ་ལྷོ་མོན་ཁམས་ནས་རེ་སྒུག་མང་།།
ལེ་བར་གྲངས་མེད་ཅིག་གིས་བཅད་ཀྱང་འབོད་སའི་བླ་མ་ཁྲི་འཛིན་བརྟན།།
ཁྱེད་ཐུགས་དཔལ་དབྱེའི་དྲྭ་བའི་ཀློང་ནས་ཡེ་ཤེས་ལྔ་ཡི་རང་མདངས་འཚེར།།
རྣམ་དག་འདུས་པའི་དམར་སེར་ཀློང་དུ་འོད་ཀྱི་ཉག་ཐག་རིས་མེད་དྲངས།།
བརྩལ་གསུམ་རྫོཊ་པའི་མཁའ་ལྡིང་ཁྱེད་ལ་ཉམ་ང་མེད་ཀྱང་བདག་གིས་རེ།།
སྲིད་ཞིའི་མགོན་དུ་ནུབ་མེད་རྒྱུན་ཏུ་ཝལ་ལེ་ཁྱུག་གེ་བསྐལ་པར་བརྟན།།
གསང་གསུམ་ཡོན་ཏན་བུམ་བཟང་བཅུད་ལྡན་ཕྱོགས་བཅུ་ཀུན་ལ་རུ་མ་མཛད།།
སྐལ་བཟང་ལས་ལྡན་མགྲིན་པ་བླ་མེད་གདམས་ངག་ཟབ་མོའི་འོ་ཞོ་ཆགས།།
ཁ་བ་རི་བའི་དམིགས་འདུན་ཅན་ལ་བྱིན་རླབས་དཀར་པོ་རྡོག་པོར་འབེབ།།
ད་དུང་སྲིད་པའི་ཞིང་འདིའི་ཡུལ་ལ་མཚམས་འཇོག་མེད་པར་མགོན་རོགས་གནང་།།
ཐབས་མཁས་ཐོགས་མེད་གསེར་གྱི་ཉ་མོས་བར་དོའི་རྒྱ་མཚོ་ཡུན་གྱིས་གཤོང་།།
ཉི་ཟླའི་སྤྱན་མིག་ནུས་མེད་ཉམ་ཐག་ཟས་མེད་དྭ་ཕྲུག་གཟིགས་ནས་འཚོ།།
ཁྱེད་ཀྱི་ཐུགས་རྗེས་སྲིད་པའི་མཚོ་ལས་ལམ་མཆོག་ཟབ་མོ་བསྒྲལ་ཕྱིར་དུ།།
བདག་གིས་པུས་བཙུགས་ཐལ་མོ་སྦྱར་བཞིན་ལམ་མཁན་རྒྱལ་བ་ཁྱེད་ལ་འབོད།།
ཞབས་ཟུང་གསེར་གྱི་འཁོར་ལོ་རྩིབ་སྟོང་གོ་ལའི་ཁྱོན་ན་འཁོར་བར་གནང་།།
དབྱིག་གི་མུ་ཁྱུད་བྲག་ལ་བསྒྱུར་ནས་ཁྱེད་ཀྱི་མངའ་སྡེའི་ཞབས་སུ་དབུལ།།
ཕྱོགས་ཀྱི་དབལ་ཁ་རྣོ་གྲིར་བསྒྱུར་ནས་གཡུང་དྲུང་གུར་ཁང་བཙན་པོའི་ནང་།།
འཆུག་འགུལ་མེད་པ་བླ་མ་ཁྱེད་ནི་འགྲོ་བ་སེམས་ཅན་མགོན་དུ་བཞུགས།།
ཉེར་གཅིག་དགུང་གི་མཁའ་དབྱིངས་ཤིག་ནས་འོད་ཀྱི་རྒྱལ་མཚན་ཐོགས་མེད་སྐྱོམ།།
སྲིད་པའི་ཆུ་ཆེན་རྦ་ཀློང་ཁྲོད་ནས་འཇིགས་མེད་འདེག་པའི་དཔའ་བོ་ཆེ།།
དུག་ལྔས་ཁེངས་པའི་ངོ་མཚར་ཅན་གྱི་ཞིང་ཁམས་མ་རྙེད་ངུ་འབོད་བཞིན།།
ཁ་བའི་གསེང་ནས་རི་ལུང་ཁྲོག་པའི་སྐད་ཅོར་མཉམ་དུ་ཁྱེད་ལ་འབོད།།
ཡི་དམ་ལྷ་ཚོགས་གདུགས་ལྟར་འཁོར་བའི་ཞིང་ཁམས་ཤིག་ནས་ཁྱེད་ལ་གཟིགས།།
བོན་སྐྱོང་སྲུང་མས་ཉིད་ཀྱི་སྐུ་ལ་བྱ་ར་མཛད་ཅིང་སྐུ་ཚེ་བསྲིང་།།
གཤེན་སྡེའི་འབངས་ཀྱིས་བླ་མེད་ཁྱེད་ཀྱི་སྐུ་ཚེ་བསྲིང་ཆེད་བསྙེན་སྒྲུབ་མཛད།།
འགྱུར་མེད་གསེར་ཁྲི་གདོང་ལྔའི་ཐོག་ཏུ་རྟག་བརྟན་བཞུགས་རོགས༔ཀྱེ་མ་མ།།
ཞེས་སྒོ་གསུམ་གུས་པའི་ཚུལ་དང་བཅས་ནས་རྟགས་བརྒྱད་ཀྱིས་བརྒྱན་པའི་ཚིག་བཅད་འདི་ཁྱུང་བསྟན་རྒྱས་པས་བྲིས་སོ།
༢༠༡༧/༨/༣༡