གནའ་དེང་གཉིས་ཀྱི་བླ་མའི་མཛད་འཕྲིན་བསྡུར་བ།
ཁྲ་སྣང་དགའ།---------ལྷོ་རོང་།
དངོས་མཚན་བདེན་པ་མ་གྲུབ་སྟོང་ཉིད་ཀློངས།།
མ་འགག་གཟུགས་སྐུ་གྲོལ་བའི་དཔའ་བོ་ཆེ།།
མཚུངས་མེད་བླ་མ་སྐལ་བཟང་གཡུང་དྲུང་མཆོག།
མི་བྲལ་སྤྱི་བོར་མཆོད་པའི་ཡུམ་དུ་བསྙེན།།
དུས་འགྱུར་རླུང་གིས་འདུལ་གོས་མ་སྐྱོད་ཞིང་།
འདོད་ཡོན་རྫས་ངད་ཡིད་སེམས་མ་བསླད་པའི།།
ཐོབ་དང་གོ་ས་ཆེད་དུ་མ་ཉོས་ཞིང་།
བླ་མ་སྐལ་བཟང་མཚན་ཅན་སྲིད་ན་རྒྱན།།
རྟགས་དང་ཡ་མཚན་ལྷ་འདྲེ་མ་འགུལ་ཞིང་།
མ་རྒན་ཁ་བདེས་གཅེས་མིང་མ་གནང་པའི།།
གདུང་རུས་གོག་པོས་མིང་ཆེན་མ་འཁུར་ཞིང་།
བླ་མ་སྐལ་བཟང་གཡུང་དྲུང་སྙིང་དབུས་དྲན།།
དུག་ལྔའི་ནད་ཀྱིས་ཡིད་སེམས་མ་གནར་ཞིང་།
གོང་དུ་ཤོར་བའི་ཕྲག་དོག་མ་སྐྱེས་པའི།།
ཡོན་བདག་མང་ཉུང་འགྲན་སེམས་མ་ཞུགས་ཞིང་།
བསྟན་སེམས་གཉེར་བའི་བླ་མ་དེ་ལ་འདུད།།
བརྒྱ་ཕྲག་མང་པོའི་སྔོ་བརྟེན་མ་བསྡུས་ཞིང་།
རྒྱལ་ཁམས་ཉུལ་བའི་འགྲོ་འགྲོན་མེད་ན་ཡང་།
དབེན་གནས་རི་ཁྲོད་འགྲིམ་པའི་འཚོ་བརྟེན་ལ།།
རྩམ་སྐྱ་ཆུ་ནག་སྤགས་པས་ཉམས་རྟོགས་རྒྱས།།
ཉིན་མཚན་ཟས་གོས་བརྗེད་པའི་སློབ་སྦྱོངས་དང་།
མཚན་རྟགས་ཨུ་དུམ་འཆང་བའི་ལོ་རྒྱུས་མེད།།
ཉམས་རྟོགས་ཡོན་ཏན་ཕྱུག་པའི་ངར་ཆེ་དང་།
ལོ་མང་དཀའ་བཅད་བྱས་པའི་རང་ཆེ་མེད།།
ཁ་ཟས་རོ་དྲོད་ཆེ་བའི་རྒྱ་ཚལ་དང་།
བུ་སློབ་འདུས་པ་མོད་པའི་མཚན་སྙན་མེད།།
ནུབ་གཅིག་སྟོང་ཕྲག་རི་བའི་འགྲོན་ཁང་དང་།
ཚེ་གཅིག་ལྟོ་གོས་མོད་པའི་སྡུག་བསྔལ་མེད།།
མི་རྒྱུ་ཟས་གསུམ་བསྡུ་བའི་ཕོ་ཐབས་དང་།
འཆད་ཉན་སྒོམ་སྒྲུབ་མེད་པའི་འདྲེན་སྟོན་མེད།།
མི་ངོ་རྒྱུ་ཆེན་སྲུང་བའི་བྱམས་སྙིང་དང་།
ངོས་ལྐོག་གཡོ་རྒྱུ་ཆེ་བའི་བྱ་ངན་མེད།།
བསྔོ་བརྟེན་མཛེས་མར་ཤོར་བའི་ལོ་རྒྱུས་དང་།
ལས་འབྲས་རྒྱུ་ལ་བརྗེས་པའི་གཏམ་རྒྱུད་མེད།།
བྱ་ངན་གཡོ་རྒྱུ་མོད་པའི་ཁེ་ཕན་དང་།
ཤོག་སྒོར་འདོད་རྔམ་ཆེ་བའི་ཟ་འབོད་མེད།།
ཁང་གོག་བཟོ་བསྐྲུན་བྱས་པའི་མཛད་སྒོ་དང་།
དམངས་སྒོར་བསྡུ་རུག་བྱས་པའི་འཇོན་ཐང་མེད།།
བསྟན་དོན་ཟ་འཐུང་བྱས་པའི་རྒྱག་སྐད་དང་།
སྒེར་དོན་ཟས་གོས་མོད་པས་དཔའ་གཏམ་མེད།།
ཁ་ནས་མཐུན་སྒྲིལ་ཟེར་བའི་སྟོང་གཏམ་དང་།
བསྟན་དོན་མཆུ་སོ་དྲུད་པའི་ཁ་བདེ་མེད།།
ངོས་ན་ལྕེ་དམར་གཡུག་པའི་རང་བཤིས་དང་།
ལྐོག་ན་དམོད་པ་བོར་བའི་ཐུགས་བཤིས་མེད།།
གཞན་རྒྱུད་རྟག་འཛིན་གྲོལ་ཕྱིར་མི་རྟག་བསྟན།།
དགོངས་པ་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ།།
ཉེར་ཤུ་ཡས་མས་སླེབས་པའི་དུས་ཆེན་ཏེ།།
མཛད་འཕྲིན་སྙིང་དུ་བཅང་པའི་མཆོད་སྤྲིན་བཏེགས།།
ཞེས་མདོ་སྟོད་ཚ་བ་སྒང་གི་སྟོད་ཕྱོགས་ལྷོ་རྒྱུད་ཀྱི་སྒྲུབ་སྡེ་ཆེན་མོ་ཁྲ་རྒན་གཡུང་དྲུང་ཀུན་གྲགས་གླིང་གི། ༧ བླ་མ་སྐལ་བཟང་གཡུང་དྲུང་མཆོག་གི་མཛད་འཕྲིན་ཡིད་ལ་བཅང་བཞིན་༼ཁྲ་སྣང་དགའ་༽མིང་པས་ཁམས་ཁྱུང་ཡུལ་ནས་བྲིས།
༢༠༡༧/༨/༢༩/ཉིན།
