༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
ཇག་པའི་མགུར་གླུ་ཌཀྐི་བཤུམས་པའི་མིག་ཆུ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-08-24] [རྩོམ་པ་པོ།:སྦྲུལ་ཞགས།] [གཟིགས་ཐེངས:]

68C09BF5D3540E2C6BD0C9CDA46B7907.jpg

 གྲྭ་སར་འགྲིམ་ཚེ་སྙན་ངག་ཐན་ཐོན་གྱིས་བཟི་ཞིང་། །

གཞུང་དེབ་ཕལ་ཆེར་དཔེ་ཁྲིའི་བཙོན་ནང་ལ་བཅུག་པས།།

ད་ལྟར་སྣ་ཞེང་ཆེ་བའི་པོད་རྒན་ལ་འཕྲད་དུས།།

ཕ་བོང་གྱེན་དུ་སྒྲིལ་བའི་དཀའ་ངལ་ལས་ལྷག་འདུག།


གྲྭ་སར་འགྲིམ་ཚེ་དཔྱོད་དེབ་ལྟ་ཀློག་རང་བྱས་པས།།

ངེས་འབྱུང་རྩྭ་སྐྱ་སྐམ་པོ་གོ་ཐལ་ལ་བསྒྱུར་སོང་།།

ད་ལྟར་གུག་ལུས་དབེན་པ་རི་ཁྲོད་དུ་ལྷག་ཀྱང་།།

ཐར་པའི་ལྗང་མྱུག་འབུས་པའི་སྐལ་བ་རང་ཕྲ་འདུག།


གྲྭ་སར་འགྲིམ་ཚེ་སེམས་རྒོད་སྲབ་མེད་ཀྱི་རྟ་ཕོ།།

འདོད་ཡོན་རྩ་ཆུ་འཛོམ་སར་རི་རྒྱབ་རང་བྱས་པས།།

ད་ལྟར་ཐར་ལམ་སྒ་གཞག་སྟན་གཞག་དེ་འདོད་ཀྱང་།།

ལྷག་མཐོང་ཞགས་པས་ཟིན་པའི་གོ་སྐབས་དེ་མི་འདུག །


གྲྭ་སར་འགྲིམ་ཚེ་རྣམ་གཡེང་བྱིའུ་ཡི་ཁྱུ་ཚོགས།།

ལ་འཕུར་ལུང་འཕུར་བྱས་པའི་རྐང་རྗེས་དེ་མོད་པས།།

ད་ལྟར་ཚོགས་དྲུག་རྒོད་པོ་བྱིའུ་རྙི་ནང་བཅུག་ཀྱང་།།

ཅག་ཅག་སྒྲ་ཡིས་སྡོད་པའི་སྐུ་བསོད་དེ་འཕྲོག་སོང་།།


གྲྭ་སར་འགྲིམ་ཚེ་རང་སེམས་གཡག་རྒོད་ཀྱི་ཀོ་བ།།

བཙའ་རྫི་མེད་པར་ཉི་དཀྱིལ་ཅི་འདོད་དུ་འཕངས་པས།།

ད་ལྟར་ཞི་ལྷོད་བསམ་པའི་རྒྱུན་ནུ་དེ་འདོད་ཀྱང་།།

ཆོག་ཤེས་ཇེམ་ཙེས་ཆོད་པའི་ཐབས་ལམ་རང་མི་འདུག།


གྲྭ་སར་འགྲིམ་ཚེ་གདམས་དོན་ཤ་སྣག་དེ་བསྐྱུར་ནས།།

ཚིག་གི་ཤུན་སྐོགས་བཏོག་པའི་རྟུལ་ཞུགས་དེ་འཛིན་པས།།

ད་ལྟར་དབེན་ཁྲོད་ཀ་དག་བག་སྟོན་དེ་འདོད་ཀྱང་།།

རང་བྱུང་བུ་མོས་ཟུར་མིག་ལྟག་རྒྱབ་ལ་འཕངས་སོང་།།


གྲྭ་སར་འགྲིམ་ཚེ་བསྡུས་རྩོད་ཁ་བྱང་དང་ལག་བྱང་།།

གྲལ་གྱི་སྒྲིག་ཟས་ལེན་སའི་དཔང་ཡིག་ལ་ཆོག་ཀྱང་།།

ད་ལྟར་མཚམས་ཁང་རྩིག་ཞལ་འདམ་ཤན་གྱི་ནང་དུ།།

ཐབ་ཀའི་མེ་ཡོག་བྱེད་པའི་གོ་ཆོད་ཙམ་མི་འདུག །


གྲྭ་སར་འགྲིམ་ཚེ་སྙན་ངག་དབྱངས་ཅན་མའི་མྱོས་བུམ།།

དགོང་ནུ་ཞོགས་ནུ་བྱེད་པའི་ཁ་བསོད་དེ་ཆེ་ཡང་།།

ད་ལྟར་རྩིབ་རུས་གྱོང་པོ་བྲག་ངོས་ལ་གླན་དུས།།

མཚོ་བྱུང་ངག་གི་ལྷ་ཡང་ཇག་པ་ཡིས་འཕྲོག་སོང་།།


གྲྭ་སར་འགྲིམ་ཚེ་ཤག་པོས་གཡས་སྐྱོར་དང་གཡས་འདེགས།།

རྒྱ་ཟས་ལེའུ་བཅོ་བརྒྱད་མཆོད་པ་དེ་མཛེས་ཀྱང་།།

ད་ལྟར་གོང་མ་གཤེགས་ཤུལ་ཨུ་ཚུགས་ཀྱིས་འཛིན་དུས།།

མིད་པ་རྒྱང་འགུལ་བྱེད་པའི་ཟས་སྲེད་ཙམ་རེད་ཤག །


གྲྭ་སར་འགྲིམ་ཚེ་གྲྭ་རྒོད་དཔུང་རྒོད་ཀྱི་དབུས་སུ།།

ཁུ་ཚུར་ལྕགས་རྡོ་ལྷུང་ལྷུང་རྩེད་རྒོད་དེ་དགའ་ཡང་།།

ད་ལྟར་གཡའ་མས་བཟུང་བའི་དབེན་ཁྲོད་ཀྱི་ཞིང་དུ།།

རི་དྭགས་ལྐོག་མདའ་ཕོག་པའི་ཁ་སྟབས་ལ་གྱར་སོང་།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།