༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 23
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 1 སྤྱི་ཚོགས་སློབ་གསོ།
1 སྤྱི་ཚོགས་སློབ་གསོ།
མི་ཡི་སློབ་གསོ་མི་ཡིས་ཉན་ཤེས་དགོས།
[རྩོམ་ཁུངས།:ཁྱུང་པོའི་དྲ་བ།] [ཟླ་ཚེས།:2017-08-16] [རྩོམ་པ་པོ།:ཁྱུང་བསོད་བློ།] [གཟིགས་ཐེངས:]

    ༧  ང་ཚོ་ཚང་མ་མི་ཞིག་ཡིན་དུས་ཚང་མས་མི་ཡི་སློབ་གསོ་དང་ཁ་བརྡ་ཉན་ཤེས་དགོས་རེད། སོ་སོ་སྡོད་སའི་ཁོར་ཡུག་དང་ཚོགས་པ་ག་འདྲ་ཞིག་ཡིན་ན་ཚོགས་པ་དེ་ཡི་འགོ་འཛིན་དང་ལས་སྣེ་བས་ཅི་གསུང་བཀའ་ལ་བསྲུང་བརྩི་ཞུ་དགོས་ཡ་དེ་མི་ཞིག་ཡིན་པའི་འགན་འཁྲི་རེད།  ཚོགས་པ་ཆེ་ཆུང་ག་འདྲ་ཞིག་ཡིན་ན་དེ་ལ་འགོ་མཇུག་ཟེར་བ་དེ་ནམ་ཡང་དགོས་རེད་ཚོགས་པ་དེ་ལ་འགོ་མཇུག་མེད་ན་ཚོགས་པ་དེ་ལ་གཟི་བརྗིད་དང་ཡར་རྒྱས་ཡོང་གི་མ་རེད།  གོང་གསལ་སློབ་གསོ་ཟེར་བའི་ཚིག་འབྲུ་གཉིས་པོ་དེ་ལ་གོ་བ་ལེགས་པོ་ཞིག་ལོན་དགོས་ངེས་རེད།  སློབ་ནི་སོ་སོ་ལ་དམིགས་འབེན་ཡོད་པའི་མདུན་མའི་བཟང་ཕྱོགས་ཀྱི་བྱ་བའི་རིག་པ་གསར་དུ་སློབ་པའི་ཕྱོགས་ལ་གོ  གསོ་ནི་རང་རིགས་དང་མེས་རིག་སྐད་ཡིག་དང་གོམ་གཤིས་དེ་ལས་མདུན་ལམ་གྱི་བྱ་བ་སོགས་མ་ཉམས་གོང་འཕེལ་དང་ཉམ་པ་བསྐྱར་དུ་གསོ་བའི་དོན།  སློབ་གསོ་ཟེར་བ་དེ་མཐོང་ཆེན་འཛིན་དགོས་རེད། རྒྱུ་མཚན་ཅིའི་ཕྱིར་ན་མི་ཚང་མས་རང་ཉིད་ཡག་པོ་ཁོ་ན་ཡོང་བར་སྙམ་གྱིན་ཡོད་རེད། མི་ཡག་པོ་ཞིག་ཡོང་བ་ལ་སློབ་གསོ་ཡག་པོ་ཞིག་ཐོབ་དགོས།   མདོར་བསྡུས་ན་སློབ་གསོ་ཟེར་བ་དེ་མི་ཡག་པོ་བཟོ་བྱེད་ཀྱི་ཐབས་ལམ་ཟབ་མོ་ཞིག་རེད། དགེ་བའི་ཕྱོགས་ནས་བཤད་ན་བཀའ་དང་བརྟེན་པའི་གཞུང་སོགས་ལ་འཆད་ཉན་སྒོབ་སྒྲུབ་བཟོ་སྟངས་ཀྱི་གདམས་ངག་དང་འཆད་ཁྲིད་དགེ་སྡིག་སྤང་བླང་གི་གསུང་དེ་ཚོ་ཚང་མ་སློབ་གསོ་རེད།  དེ་ཚོ་ཡང་མཐར་ཐུག་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཀྱི་མ་ལག་ཅིག་རེད།  བཀའ་དང་བརྟེན་གྱི་གདམས་ངག་དེ་ཚོ་ལ་གསན་བཞེས་ནན་པོ་མཛད་ནས་ཐོས་པ་ཙམ་ལས་མ་ཚད་པ་གོ་བ་ཡང་དག་པ་ཞིག་ལེན། གོ་བ་ཙམ་ལས་མ་ཚད་པ་ལག་ལེན་ལ་དངོས་སུ་ཞུགས་ནས་རང་རྒྱུད་གྱོང་པོ་དེ་སྙི་མོ་རུ་འདུལ་ཐུབ་པར་བྱེད་རྒྱུ་དེ་ནི་ཐར་པ་དོན་དུ་གཉེར་མཁན་ཚང་མས་འོས་འགན་ཞིག་རེད།  འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་བཟའ་བཏུང་ལོངས་སྤྱོད་རན་ཚོད་ཟིན་པ་ཞིག་དང་ཆབ་དཔལ་རིག་གསུམ་སོགས་ལ་གོ་རྟོགས་ཡག་པོ་ཞིག་ཡོང་བ་ལ་སྔོན་དུ་འགྲོ་དགོས་པ་དེ་ནི་སློབ་གསོ་རེད།  འཇིག་རྟེན་གྱི་མི་བུ་སུ་ཡིན་རུང་ཆུང་ལྟེ་ཁྲག་དམར་པོ་ས་ལ་འཐོར་བ་ནས་སློབ་གསོ་ཉན་དགོས་པའི་འོས་འགན་ཡོད་པ་རེད།  ང་ཚོ་ལུས་ཀྱི་གཟུགས་བཞི་ཡན་ལག་མངལ་ནས་བུད་མ་ཐག་ཏུ་སློབ་གསོ་གཏོང་རྒྱུ་ཡོད་པ་གཏན་ཁེལ་རེད།  ཆུང་ཕྲུ་གུ་ལ་སློབ་གསོ་གཏོང་རྒྱུ་དེ་ཕ་མ་དང་དགེན་གྱི་འོས་འགན་རེད་ལ། བུ་ཕྲུག་དེ་མདུན་ལམ་བཟང་ངན་ག་འདྲ་ཞིག་ལ་གྱུ་ཐུབ་མིན་དེ་ཡང་ཕ་མའི་སློབ་གསོ་དང་ཆུང་དུས་ནས་སློབ་སྦྱང་གི་གོ་སྐབས་བཟང་པོ་རྙེད་མིན་ལ་རག་ལས་ཡོད་རེད། ཕ་མ་ལ་ལས་བུ་ཕྲུག་སློབ་གྲྭ་གཏོང་ནས་གྲོན་དངུལ་བསྐུར་ཡ་དང་བུ་ཕྲུག་ས་ཕྱོགས་གཞན་ལ་རིག་གནས་དང་བྱ་བའི་ཕྱོགས་སུ་བརྩོན་སྐབས་ཟས་གོས་སྡོད་གནས་སོགས་ཀྱིས་བུ་ཕྲུག་ཁྱོད་གཅེས་བསྐྱངས་དཔག་མེད་བྱས་ཡོད་རབས་སོགས་རྒྱུན་ལྡན་ཁ་ནས་ཁྱེར་བཞིན་བུ་ཕྲུག་ལ་ནམ་ཡང་ཡུས་གཏམ་ཚ་མོ་བཤད་མཁན་མང་པོ་ཡོད་ས་རེད།  དེ་ནི་ཕ་མ་ཁྱོད་ཚོའི་ནོར་འཁྲུལ་རེད།  ཐ་ན་ས་འོག་གི་འབུ་གྲོ་མ་ཡན་གྱུར་པས་སོ་སོའི་ཕྲུ་གུ་ལ་ཁ་ཟས་འཚོ་གནས་སོགས་ཀྱི་མཐུན་རྐྱེན་གང་ནུས་སྒྲུབ་བཞིན་ཡོད་རེད།  གཅིག་ནས་ཁྱོད་ཚོ་མི་ཞིག་ཡིན་དུས་སེམས་ཅན་གཞན་པ་དེ་ཚོ་ལས་རྣམ་རིག་གསལ་དོན་དག་བཟང་པོ་ཧ་གོ་མཁན་ཞིག་ཡིན་པས་ཁྱོད་ཚོས་བུ་ཕྲུག་ལྟོ་མ་ལྟོགས་ཙམ་རྒྱབ་མ་འཁྱག་ཙམ་བྱས་པས་དོན་གོ་ག་ལ་ཆོད།  མི་ཡི་བུ་ཟེར་བ་འདི་སེམས་ཅན་གཞན་པ་ལས་ཅུང་ཙམ་ཚད་བརྒལ་བའི་བྱ་བ་ཞིག་བསྙེག་དགོས་ཀྱིན་ཡོད་རེད། ཚེ་གང་པོར་ཁ་ཟས་འཚོ་སྡོད་ཙམ་མ་གཏོགས་གཞན་ཆོས་འཇིག་རྟེན་གྱི་བྱ་བ་ཆེ་ཆུང་གང་གི་སྒོ་ལ་ཞུགས་མ་ཐུབ་པར་ཚེ་འཕོས་ཤོར་བ་ཡིན་ན་ཤིན་དུ་གྱོང་གུད་ཀྱང་རེད་ལ། ངན་སོང་དུད་འགྲོ་འདྲ་མོ་ཞིག་མ་གཏོགས་དེ་ཚོ་ལས་ཀྱང་གོང་དུ་བརྒལ་མ་ཐུབ་པ་ཞིག་རེད།  ཚེ་གཅིག་ལ་ཁ་ཟས་འཚོ་སྡོད་ཙམ་ལ་ཡང་གྲོ་མ་མིག་མེད་ཡན་ཆོད་ཀྱིས་འབད་ཤེས་ཀྱི་རེད།  དཔེར་ན་དགེ་ཆོས་ཀྱིས།  གྲོ་མ་མིག་མེད་བདེ་བའི་ཆེད་དུ་རྒྱུཌ།། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས་ཅེས་གསུངས་པ་ལྟར་རེད། དེ་ཚོ་ཚང་མ་ཚེ་འདི་ཡི་འཚོ་ཆས་ཀྱི་བདེ་བའི་ཆེད་ཙམ་རང་རེད།  ཕ་མས་བུ་ཕྲུག་གཅེས་སྐྱོང་བྱ་རྒྱུ་དེ་འཇིག་རྟེན་སྲིད་པའི་སྤྱི་འགྲོས་རེད།  གཅིག་ནས་མི་ཡི་བུ་ཕྲུག་ལ་མི་ཡི་ཆབ་དཔལ་རིག་གསུམ་ཅི་རིགས་པའི་ལམ་ཁ་ནས་བུ་ཕྲུག་གི་མདུན་ལམ་རྙེད་པར་བྱ་དགོས་རྒྱུ་དེ་ཕ་མའི་རང་འགན་རང་འཁྲི་རེད།  གཉིས་ནས་སྔ་རབས་གཏམ་དཔེ་བཞིན་ཁྱོད་ཚོས་རྩམ་པའི་ལྡེ་གུ་ཡོག་ཤེས་དུས་བལྡག་ཤེས་དགོས་ཟེར་བ་བཞིན་རེད།   ཕ་མ་ཚོས་བུ་ཕྲུག་ལོ་ན་ཆུང་བའི་དུས་སློབ་སྦྱོང་གི་གོ་སྐབས་བཙལ་ཡ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་ཤེས་པར་མཛད་རོགས།  ང་ཚོ་ཚང་མས་ཤེས་དགོས་རྒྱུ་ནི་སློབ་གསོ་གཏོང་མཁན་གྱི་མི་ལ་གུས་བཀུར་མེད་ན་རང་ཉིད་ལ་ནམ་ཡང་སློབ་གསོ་མི་ཐོབ། སློབ་གསོ་གཏོང་མཁན་གྱི་མི་ལ་ཡིད་ཆེས་མེད་ན་རང་ཉིད་ཀྱི་བྱ་སྤྱོད་ངན་པ་དེ་ནམ་ཡང་སྤང་མི་ཐུབ།  སློབ་གསོ་གཏོང་མཁན་གྱི་མི་ལ་ལག་ལེན་མེད་ན་སློབ་གསོ་ཉན་མཁན་གྱི་མི་ཡིས་ལག་ཏུ་ལེན་དཀའ།  སློབ་གསོ་གཏོང་མཁན་གྱི་མི་ལ་ཉམས་མྱོང་མེད་ན་སློབ་གསོ་ཉན་མཁན་གྱི་མི་ཡིས་ནམ་ཡང་བྱ་བ་དེ་ཐེག་ཏུ་དཀའ།  ང་ཚོ་ལ་སློབ་གསོ་གཏོང་མཁན་གྱི་མི་དེ་ནི་ང་ཚོའི་མདུན་ལམ་གྱི་སྒྲོན་མེ་ཡིན་པས་ང་ཚོས་ནམ་ཡང་གུས་བཀུར་དང་ཡིད་ཆེས་རྒྱབ་སྐྱོར་བྱ་དགོས་སོ།།།

མི་ཚེ་ཟ་ཁ་གདངས་བའི་ནུས་མེད་བདག་ལ།།

མི་ལ་སློབ་གསོ་གཏོང་བའི་ནུས་པ་མེད་ཀྱང་།།

མ་འོངས་ང་ལ་སྐྱེས་པའི་བསམ་པའི་འཁྱེར་སོ།།

སློབ་གསོའི་ཕྱོགས་སུ་འགྲོ་བའི་རེ་སྨོན་ཆེ་བས།།

ཕན་སེམས་ལྟ་བས་བསྐུར་བའི་སྐད་ཆ་ཡིན་ནོ།།


༢༠༡༧/༨/༡༦/ཉིན་གྱི་ཞོགས་པར་ཁྱུང་བསོད་བློ་ནས་མགྱོགས་བྲིས་བྱས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།