
བསླབ་གསུམ་ལྡན་པའི་བླ་མ་གཤེགས་པའི་སར།།
གདུལ་བྱ་རྟོགས་དང་གྲོལ་བའི་ལམ་སྟོན་མཛད།།
བོན་གྱིས་ཕོང་པའི་བླ་མ་གཤེགས་པའི་སར།།
དཀོར་ནོར་འབུལ་སྡུད་ཙམ་ལས་གཞན་མ་དམིགས།།


ཅེས་ཚིགས་བཅད་ཀྱིས་སྔོན་བསུས་ཏེ་ཉེ་ཆར་ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་རབས་ཉེར་བདུན་པ་སྐྱབས་རྗེ་བླ་མ་དམ་པ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་མཆོག་བྱང་ནག་ཆུ་ཁར་འདས་ལོའི་འཆར་ཅན་ལྟར་གདུལ་བྱ་སྨིན་གྲོལ་དུ་འགོད་ཆེད་མཛད་འཕྲིན་སྐྱོང་ཚུལ་རགས་བསྡུས་སུ་བཀོད་ན། སྤྱི་ཟླ་བརྒྱད་པའི་ནང་དད་ལྡན་འཁོར་སློབ་རྣམ་པས་གདན་ཞུས་བཞིན་རྗེ་བླ་མ་སྐུ་འཁོར་དང་བཅས་བྱང་ནག་ཆུ་ཁར་ཆིབས་ཞལ་བསྐྱངས་ཏེ་འདས་པའི་ལོ་ངོ་དྲུག་གི་རིང་དུ་ནག་ཆུ་ས་ཁུལ་དུ་ཡོད་པའི་བོན་གྱི་དད་ལྡན་མང་ཚོགས་རྣམས་ལ་གཡུང་དྲུང་བོན་དང་འབྲེལ་བའི་གདམས་ངག་དང་ཡུལ་དུས་དང་བསྟུན་པའི་བཀའ་སློབ་ལམ་སྟོན་ལོ་ལྟར་མཛད་མུས་བཞིན། འདི་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ ༢ ནས་ ༨ ཀྱི་བར་བདུན་ཕྲག་གཅིག་གི་རིང་ལ་ཡང་ཡུལ་འདིའི་ལྷ་སྡེ་བོན་འབངས་རྣམས་ལ་རིག་པའི་ལྷ་མཆོག་སྨྲ་བའི་སེང་གེའི་སྒྲུབ་པའི་གཞུང་བསྲིངས་ཤིང་དད་ལྡན་རྒན་རྒོན་རྣམས་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རྣམས་ལ་ཤེས་རབ་འཕེལ་བའི་གནད་དུ་གཟིགས་ཏེ་ཉིན་ལྟར་སྨྲ་སེང་སྒྲུབ་ཆུང་གཞུང་དང་བསྙེན་འཛབ་གྲངས་བསགས་བཅོལ་དང་། བླ་གྲྭ་རྣམས་ཀྱིས་ཉིན་རེར་མ་ཏྲིའི་གཞུང་དང་སྨྲ་སེང་གཞུང་གི་མཛད་རིམ་སྐྱོངས། བར་བར་གྱི་དུས་ཚོད་ནང་ལ་རྗེ་བླ་མས་དད་ལྡན་སེར་སྐྱ་ཐུན་མོང་ལ་མེས་པོའི་གོང་མའི་ལམ་སྲོལ་ཏེ་ཆུ་ལམ་ཞུགས་དང་རྡོ་ལམ་རྒྱུད་ཀྱི་དཔེར་ལྟར་རང་རང་གི་གྲུབ་མཐའ་རང་མིས་བདག་པོ་རྒྱག་དགོས་ཚུལ་དང་ཁྱད་པར་དུ་མི་རབས་འདི་ཚོར་བོན་གྱི་ལེགས་བྱང་སོགས་གཏིང་བརྗེད་དུ་མི་འགྲོ་བའི་ཆེད་དུ་གཡུང་དྲུང་བོན་གྱི་དད་མོས་ལྟ་གྲུབ་རྣམས་ཁ་གསལ་གོ་བདེའི་ངང་ནས་འགྲེལ་བརྗོད་བསླབ་སྟོན་གནང་བར་མ་ཟད། དུས་རབས་ཉེར་གཅིག་པའི་མི་ཡི་འཚོ་སྟངས་དང་མཐུན་པའི་ཟས་སྤྱོད་གཙང་སྦྲ་འཕྲོད་བསྟེན་དང་། བསམ་པའི་ཀུན་སློང་ཁྱེར་ཕྱོགས་སོགས་མདོར་ན་ཚེ་འདི་ཕྱིར་གཉིས་ཕན་གྱི་སློབ་སྟོན་ཟབ་མོ་གནད་སྨིན་དུ་མཛད།

ཚེ་འདིར་དགོས་པའི་འདིའི་དོན་བསླབ་སྟོན་གནང་།།
ཕྱི་མར་མཁོ་བའི་ཕྱི་མའི་ལམ་ངོགས་སྟོན།།
འདི་ཕྱིར་བདེ་ལམ་སྟོན་པའི་བླ་མ་ནི།།
འདི་དང་ཕྱི་མར་གསལ་བའི་སྒྲོན་མེ་ཡིན།།

ད་དུང་དགེ་སྒྲུབ་སྡིག་སྤོང་ལ་འབད་ཕྱིར་སྔོན་འགྲོ་དང་དངོས་གཞི་སེམས་ཁྲིད་ཀྱི་ཟབ་གདམས་རིན་ཐང་དང་བྲལ་བ་གནང་ཞིང་མཇུག་ཏུ་སྨྲ་སེང་དབང་དང་མ་ཏྲིའི་བཀའ་དབང་བཅས་གནང་ནས་སྐལ་ལྡན་གདུལ་བྱ་ཐར་པའི་ལམ་སྟེགས་སུ་དཀྲི་བའི་ཐུགས་བསྐྱེད་བླ་ན་མེད་པའི་འགྲོ་དོན་དགེ་བསྐུལ་རླབས་ཆེན་བསྐྱངས་བའོ།།


བླངས་དོར་གདམས་ངག་མེད་པའི་བླ་མ་ནི།།
ཚོགས་དབུས་འདྲེན་པ་རགས་སྐུ་བཤམས་དང་མཚུངས།།
གདམས་ངག་མེད་ན་གདུལ་བྱ་མི་གྲོལ་པས།།
གསུང་གིས་འགྲོ་འདུལ་འདི་ལ་དེ་བཞིན་གཅེས།།

