༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
བརྡ་ལུང་མཇལ་བའི་ངོ་མཚར།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-08-04] [རྩོམ་པ་པོ།:གངས་རིའི་ལྷ་བུ།] [གཟིགས་ཐེངས:]

བརྡ་ལུང་མཇལ་བའི་ངོ་མཚར།


གནས་འདི་ནི་མི་ཡུལ་གྱི་དག་ཞིང་ངོ་མ་ཞིག་སྟེ།

ཐམས་ཅད་ཁོད་སྙོམས་པའི་འཇིག་རྟེན་ཡིད་དུ་འོང་བ་ཞིག

 སྟེང་ལྷ་ཡུལ་བདེ་བ་ཅན་གྱི་ཞིང་ཁམས་ས་ལ་འཕོས་བཞིན།

སྣོད་བཅུད་ངོ་མཚར་གྱི་བཀོད་པ་ཕུན་སུམ་ཚོགས།

འདི་ནི་རི་བོ་དང་རི་ཕྲན་དུ་མས་བཏེགས་ཤིང་ནགས་ཀླུང་སྟུག་པོའི་ཚལ་གསེབ་ནས། 

གོམ་བགྲོད་ཀྱི་དཀའ་ཚེགས་ཐོད་དུ་བླངས་ཞིང་།

རྩུབ་པའི་ལ་ཆུ་འཕྲང་གསུམ་བརྒལ་བའི་ཡང་གོང་ན།

འཕྲུལ་བསྐོར་འཁོར་ལོས་མི་ཆོད་པའི་ཡུལ་བུ་ཆུང་།

གནས་འདིར་གྲང་རེག་སྟེར་བའི་ལྷགས་རླུང་འཇམ་ཞིང་།

དུས་བཞི་ཆ་སྙོམས་གྱི་ཡོན་ཏན་དཔག་ཏུ་མེད་པར་མཐོང་།

བརྗོད་མི་ཤེས་པའི་ཚོར་བ་འཕར་མ་ཞིག་དང་།

ཐོབ་མ་མྱོང་བའི་བདེ་བ་གསར་པ་ཞིག་རང་བཞིན་དུ་བསྣན་འོང་། 

འདབས་ནས་བཞུར་བའི་རྫ་ཆུ་སྔོན་མོ་དྭངས་ཞིང་གཙང་ལ།

ལྷུང་ལྷུང་སྙན་པའི་སྒྲ་ཡིས་རྣ་དབང་གསོ།

མ་ཟད་དགུང་གི་གཡུ་འབྲུག་སྔོན་མོའི་འཁྱུག་འགྲོས་ཀྱིས་གར་བསྒྱུར་ཞིང་།

དེ་ཉིད་སྤ་བའི་ཁེངས་པ་ཡོངས་སུ་འཕྲོག་པའི་ཆུ་ཕྲན་སྔོན་མོའི་མཛེས་སྡུག་གི་དྲ་བ་རྣམས།

གཡུང་དྲུང་ལུ་གུ་རྒྱུད་དུ་བྲེས།

རྫ་སྤང་གི་བར་གསེང་ནས་རྩི་སྨན་སྣ་ཚོགས་ཀྱི་མགོ་ལྕོག་ལྡེམ་ལ། 

ཅི་འདོད་དབང་པོའི་སྤྱོད་ཡུལ་དུ་ལྷག།

དྲི་ཞིམ་སྤོས་ཀྱི་ངད་པ་ཕྱོགས་བཅུར་འཐུལ་བ་དག་ནི་དཔག་ཚད་རྒྱང་གྲགས་སུ་བརྒལ་ཀྱང་།

དྲི་འཛིན་དབང་པོའི་རྣམ་ཤེས་ནི་གླིང་འདིར་ཡོངས་ནས་འཁོར་བར་ངེས། 

ཨེ་མ་ཅི་འདྲའི་མཛེས་ཉམས་དོད་པ་ལ།

ཤ་གནའ་དགོ་གསུམ་གྱི་རི་དྭགས་རིགས་དང་།

མི་ཡིས་བདག་བཟུང་མེད་པའི་རྟ་ནོར་ཁྱུ་ཚོགས་བག་ཡངས་སུ་ཅི་དགར་རྒྱུ་བ།

ཁ་བའི་རྨོག་དཀར་དབུ་ལ་གསོལ་བའི་གཡང་གཟར་རི་བྲག་གིས་རྣོ་དབལ་རྩེ་མོའི་དབལ་སོ་ངོམ་པ།

གཤམ་ནས་ཕྱི་ཡི་མཐོང་ཡུལ་དུ།

མར་གད་ཞུན་མའི་མདངས་ལྟར་ལྗང་བའི་ཡན་ལག་བརྒྱད་ལྡན་གྱི་མཚོ་ཆེན་ཟླ་ཕུའི་དལ་མཚོ་མེར་མེར་ལྡེམ་ལྡེམ་དུ་འཕྱུར་བ།

ངོགས་སུ་མཚོ་བྱ་དཀར་པོ་དང་།

ངང་སེར་ཁྱོ་ཤུག་མཉམ་བསྡེབ་ཟུང་གིས་མགྲིན་དབྱངས་གྱེར་བ།

ནང་དུ་ཆུ་རྟ་ཆུ་ལུག་ཆུ་གླང་གི་བང་འགྲོས་ཀྱི་རྐྱལ་རྩལ་ངོམ་པའི་དན་རྟགས་སུ།

རྦ་ཀློང་འཁྲུག་པའི་རླབས་རིས་ཀྱི་གཞུང་ལམ་གསལ་ལ་དོད་པ།

གསེར་མིག་ཉ་མོའི་འཁྱུག་ལྡེམ་མིག་གིས་མི་བཟོད་ལ་བལྟ་བས་མི་ངོམ། 

འདི་ནི་ལུང་ལས།

ལྷོ་ཕྱོགས་སྤ་ཟླ་སྤོ་གསུམ་ལ། ཟླ་ཕུའི་དལ་མཚོར་སྦས་པའི་ཡུལ་ཞིག་ཡོད། ཅེས་དང་། གསང་ཡུམ་ཚུལ་དུ་ཟླ་ཕུའི་དར་མཚོ་མཚོན། སྦས་ཡུལ་ཆུ་ཞིག་ལྷོ་རུ་འབེབ་པ་ནི། ཁ་ལ་རག་པ་ཙམ་གྱིས་མངོན་སངས་རྒྱས། ཞེས་དང་། ཡང་ལུང་ལས། གཡའ་གངས་རྫ་ཆུ་པད་མོའི་རྫོང་ཆེན་ཡོད། སྦས་ཡུལ་བརྒྱ་ཤོང་ཙམ་ནི་གྲངས་མང་ཡོད། ཟླ་ཕུའི་དལ་མཚོ་དག་ལ་སྦས་ཡུལ་ཡོད། སྤུ་རྒྱལ་མོ་ནོམ་དག་ལ་སྦས་ཡུལ་ཡོད། ཅེས་དང་།

ཡང་ལུང་ལས། བདུད་རྩི་ལྔ་ལྡན་མཚོ་མོ་ལ། རིན་ཆེན་གྲམ་བུའི་ཚལ་དུ་གནས།

ཞེས་བསྔགས་བཞིན་དེ་ཙམ་གྱིས་མི་ཚད་དེ། ནང་དུ་རིན་ཆེན་གསེར་གྱི་ལྷ་ཁང་ལ་བྱ་རུ་ཁྱུང་མགོ་དང་ཏོག་དང་བཅས་པའི་ནང་དུ་། སངས་རྒྱས་སྟོན་སྐུ་རང་བྱོན་དང་། རིན་ཆེན་གཏེར་གྱི་སྒྲོམ་བུ་བྱེ་བ་ས་ཡ། སྐུ་གཟུགས་སྐུ་གདུང་རྫོགས་མཐའ་བྲལ་ལུང་ལས་གསུངས།

དེ་ཡི་ཐོད་དུ་ཕྱི་ལྟར་སྲིད་པ་ཆགས་པའི་གངས་རྒན་བླ་རི་སྤུ་རྒྱལ་གངས་ཀྱི་གཟི་བརྗིད་དཀར་ལ་འཚེར་བ། འཇའ་ཚོན་ཁ་དོག་རྣམ་ལྔ་འཛིང་པའི་དབུས།

སྤྲིན་པ་དཀར་སེར་ནག་པའི་གསེང་ནས་སྐབས་སུ་རང་ཞལ་ཅུང་ཙམ་སྟོན་ཡང་།

རྒྱུན་དུ་སྤྲིན་དཀར་གསར་པའི་ཞལ་ཁེབས་གསོལ།

མེ་ཏོག་དཀར་དམར་གྱི་མཛེས་རྒྱན་སྤྲས་པའི་རྩི་ཤིང་བརྒྱ་འདུས་སྟོང་ཚོགས་ཀྱི་ཁྲོད་ནས།

ཟིལ་མངར་གྱི་རོ་མཆོག་ངོམ་ཞིང་སྒྲིབ་སེལ་གྱི་ཁྲུས་ཆབས་སྦྱིན་པ།

སྐད་སྙན་གྱི་བྱ་བྱེའུ་སྣ་ཚོགས་འཕུར་ལྡིང་གར་ལ་རྩེན་ཞིང་ཅི་འདོད་ཀྱི་རྩེད་འཇོ་རོལ་བ།

མི་དང་སེམས་ཅན་ལ་འཚེ་བའི་འབུ་སྲིན་དཀོན་ཞིང་།

འདི་དག་ནི་རྫོགས་ལྡན་དུས་ཀྱི་གཡའ་བྲག་རྫ་ལ་འཁྲས་པའི་སྐྱེས་བུ་དུ་མས་རིམ་གཉིས་རྣལ་མ་གཏན་ལ་ཕབ་པའི་ལོ་རྒྱུས་ཀྱི་གསང་བ་བསམ་གྱིས་མི་ཁྱབ།

བརྗོད་ཀྱིས་མི་ལོང་བའི་ཞིང་།

ལུང་ལས། 

དེ་ལྟར་སྤུ་རྒྱལ་གངས་ཆེན་གནས་ཀྱི་མཆོག

དབུ་རྩེར་གངས་རི་གསས་མཁར་སྤྱི་སྤུངས་སོགས།

ཡི་དམ་སྡེ་དགུའི་ལྷ་ཚོགས་སོ་སོར་གནས།

ཞེས་སོགས་གསུངས།

གནས་མཆོག་དེ་ཡི་སྲུང་མའམ་གཏེར་སྲུང་། 

མི་དཀར་རྟ་དཀར་དར་གྱི་ལ་ཐོད་ཅན་མདུང་དར་དཀར་པོ་གྲུ་ལ་གཟར་ཞིང་།

སྟག་རལ་གཟིག་ཤུབ་རལ་གྲི་གློ་ལ་བཏགས་པ།

རྟ་དཀར་གཡུ་ཡི་རྔོག་མ་ཅན་ལ་རིན་པོ་ཆེ་ཡི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ཆིབས་ནས།

འཁོར་སྐྱེས་བུ་མི་འདྲ་བ་དུ་མས་བསྐོར་བར་གསུངས།

ཨེ་མ། ཡུལ་བུ་ཆུང་གི་ཞིང་ཁམས་འདི་ནི།

གནའ་ནས་ད་དབར་དོན་སྙིང་ལྡན་པའི་གསུང་རབས་གླེང་བམ་གསེང་དུ་ཆོ་རབས་ཁྲིགས་སེ་བསྒྲིགས་པར་གདའ། མཆོག་སྟོན་པ་གཤེན་རབ་མི་བོ་དང་།

གཤེན་སྣང་བ་མདོག་ཅན། བླ་ཆེན་པོ་དྲན་པས་བྱིན་གྱིས་བརླབས་ནས་བཟུང་། འཕགས་མཆོག་བསམ་གྱིས་མི་ཁྱབ་པའི་སྒྲུབ་གནས།

གནས་འདི་ནི་ལྟ་བ་ལྷ་དང་མཉམ་པའི་རྣམ་འབྱོར་པའི་གཞིས་སྒར་མྱོང་ལ། 

དེ་དག་ནི་གཤེན་མི་ལུས་བསམ་ལེགས་ཀྱིས། "རྟགས་དང་མཚན་མ་ཀུན་གྱི་མཐོང་སར་བཞག "

ཅེས་པ་ལྟར།

ཉེ་དུས་སུ་གནས་འདིར་ཕེབས་པའི་་རྣམ་འབྱོར་པས།

དགུན་གསུམ་ལོ་ལེགས་ཀྱི་སྙེ་མ་ཟིལ་པ་ཁྲོམ་མེར་མི་ལ་སྟོན་རབ་གདའ།

གཅན་གཟན་དོམ་དྲེད་སོགས་འཁོར་དུ་བཀོལ་ནས་འཚེ་མེད་ཐེག་ཆེན་གྱི་བོན་སྒྲ་སྒྲོག་རབ་གདའ།

འཇིག་རྟེན་མི་ཡི་ཁ་ཟས་བཅད་ནས་ས་ཞག་འདམ་བུས་འཚོས་རབ་གདའ།

ཞིང་ཁམས་གཞན་དུ་གཤེགས་ཁར་འཇའ་ལུས་འཕོ་ཆེན་གྱི་རང་རྟགས་དང་།

བཀྲ་ཤིས་པའི་ལ་ཉེ་མི་ཡུལ་ལ་བཞག་རབ་གདའ།

མེ་དམར་འུབས་ཀྱིས་མ་ཚིག་དབུ་སྐྲ་ལྕང་ལོའི་དད་རྟེན་མེ་གདུགས་དངོས་མཐོང་ལག་ཟིན་མི་ཡུལ་འདིར་མཇལ་

རྒྱུ་གདའ། དེ་དག་ནི་ངོ་མཚར་ཤིན་ཏུ་ཆེའོ།

ལྟ་བའི་རང་ཚུགས་མེད་ཁར་སྤྱོད་པས་རྣམ་འབྱོར་གྱི་བྱ་བ་གང་ཤར་གང་དྲན་དུ་བརྩམ་པ། 

སྤྱོད་པ་ཞི་དྲག་བར་མའི་ཕྲིན་ལས་འཆེས་ཞིང་།

འཇིག་རྟེན་ཐ་མལ་གྱི་བདེན་འཛིན་ཕྲག་རགས་ཙམ་ཡང་འགོ་མ་ནོན།

ཤར་གྲོལ་དུས་མཉམ་གྱི་ལྟ་བའི་ལྟད་མོ་ལས་གྲོལ་རྒྱུ་ལྟ་ཞོག

ཁ་ཙམ་མ་ཕྱོགས་པ་ཚོས།

གནས་འདིར་མཚེར་ས་སྔོན་ནས་ཟིན་མྱོང་མི་འདུག་ལ།

ད་ནས་ཀྱང་མི་ཟིན།

མ་འོངས་པ་ཡང་དེ་ལྟར་གོར་མི་ཆགས་པར་སྙམ། 

 འོན་ཀྱང་། བདག་གི་སྔར་སོང་ད་འགྲོར་ཞིང་འདིར་སེམས་ཁོང་གི་དད་དམ་གཙང་མ་དང་། 

བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་འབར་བ་ནི།

རྟོགས་ལྡན་གྲུབ་ཐོབ་རྣམ་པའི་གཟི་བྱིན་འཕར་མའི་ལོ་རྒྱུས་རང་བཞིན་བདེན་པ་ལ་བརྟེན་ནས། 

གནས་མཇལ་གྱི་འདུན་པ་དང་། 

ཡིད་ཆེས་ཀྱི་དཔའ་གདེང་སོགས་ཞུམ་མྱོང་མེད།

ཡིན་ནའང་།

ནོར་བུ་རང་ལག་ཏུ་ཡོད་ཀྱང་ནོར་ཉམས་མ་ཆོད་པར་རེ་ཞིག་དབང་ཡུལ་དུ་བསྐལ། 

དེང་ཁུ་དབོན་ཞང་ཚ་ཕུ་ནུ་སྤུན་མཆེད་འགའ་ཞིག་ལྷན་འཛོམས་ཀྱི་སྐལ་པ་དང་།

ཟླ་ཚེས་བཟང་པོའི་ཉིན་ཞིག 

གུ་ཡངས་ཀྱི་བློ་སེམས།

བག་ཕེབས་ཀྱི་གཏམ་གླེང་།

བརྩེ་བ་ཡི་རྒྱུན་ཐག

ལོ་རྒྱུས་ཀྱི་བདེན་གསང་།

ལྷ་སྲུང་གི་ངོ་སོ་སོགས་ཉི་ཟླ་ལྟར་གསལ་ཐིང་ངེར་མཐོང་བའི་ངོར།

ཞིང་ཁམས་འདི་ནས་ལྟད་མོ་འབུམ་གྱི་དངོས་གྲུབ་ཐོབ་ཅིང་། 

རེ་སྨོན་འདོད་དོན་གསོལ་བའི་གོ་སྐབས་འདི་ནི་ཆེས་ང་ཚོར་གཟི་བརྗིད་དང་ལྡན་པ་ཞིག་ཏུ་འདོད་ཡོད།

ཨེ་མ་ངོ་མཚར་ཆེའོ།   །།

གནས་མཇལ་སོང་བའི་ཕྱི་ཉིན༢༠༡༧//༢༨/ཞོགས་ཀའི་དུས། གངས་རིའི་ལྷ་བུ་ནས།












སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།