༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
གངས་རིའི་གཙུག་ལག་སྨྲ་བའི་རྗེ་བླ་མ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-08-02] [རྩོམ་པ་པོ།:ཁྱུང་དཀར་ཤེས་རིག] [གཟིགས་ཐེངས:]

QQ图片20170802210306.jpg

མི་བརྗེད་གཟུངས་ལྡན་སྟོབས་བཅུའི་བདག་ཉིད་ཆེ།།

སྡིག་མེད་ཞིང་དུ་རྒས་མེད་གཟུགས་སྐུ་བཞེངས།།

མཁར་ཉལ་དྲི་ཟའི་གླུ་གར་མཆོད་བཏེགས་པ།།

ཐོད་དཀར་སྲས་པོས་དེང་འདིར་ཤིས་པ་སྩོལད།།


སྐྱེ་མེད་བོན་སྐུ་འགག་མེད་རྫོགས་པའི་སྐུ།།

འགྲོ་འདུལ་བསྟན་སྤེལ་མཉམ་མེད་སྤྲུལ་པའི་སྐུ།།

ཀུན་འདུས་ངོ་བོ་རྗེ་གཅིག་བླ་མ་མཁྱེན།།

བདག་སོགས་སྒྲིབ་གཉིས་ཕྱག་ཕྱིར་ཁྱེད་ཕྱག་འཚལ།།


བསིལ་ལྡན་ཞིང་དུ་བསྟན་འགྲོའི་དོན་ཉིད་ལ།།

མཛད་འཕྲིན་གདེང་ལྡན་མི་ཡི་ཁྱུ་མཆོག་ཁྱེད།།

གྱ་ནོམ་ཤེས་བྱའི་ནོར་གྱི་ཕྱུག་པ་ལ།།

བསམ་ཞིང་བདག་ཡིད་རྟིང་ནས་ཁྱེད་ཕྱག་འཚལ།།


གསང་གསུམ་བོན་གྱི་དབང་རྒྱུད་ལུང་རྒྱུད་ནི།།

ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན་དུ།།

སྨན་རིའི་མཁན་སློབ་ཉི་ཟླ་ཟུང་ལས་བརྒྱུད།།

བརྒྱུད་པ་ཁུངས་གཙང་ཁྱེད་ལ་བདག་ཕྱག་འཚལ།།


དཔེ་ཆ་ལྷེབ་གཅིག་ཉིད་ལ་མེད་ནའང་།།

དཔེ་གཡར་ཁྲོད་དུ་མདོ་སྔགས་སེམས་གསུམ་སྦྱོང་།།

ཀུན་ལས་འཕཌ་པའི་དགེ་ལ་མངོན་པར་བརྩོན།།

བརྩོན་འགྲུས་རྒྱལ་པོ་ཁྱེད་ལ་བདག་ཕྱག་འཚལ།།


ཉི་གདུགས་ཆར་གདུགས་མེད་པས་ཚ་གྲང་ནང་།།

རྒྱུ་ནོར་དབུལ་པས་ལྟོ་གོས་ཉུང་ནའང་།།

ཆོག་ཤེས་ལྟ་བའི་གདེང་ལྡན་བསམ་གཏན་ཅན།།

བསམ་གཏན་བླ་མེད་ཁྱེད་ལ་བདག་ཕྱག་འཚལ།།


མཚམས་སྤྲིན་ནགས་ལ་ལྷུང་འདྲའི་སྨན་གླིང་རུ།།

དཀའ་ཐུབ་གཤེན་དང་མཉམ་པའི་འདུལ་བ་པ།།

ཚུལ་མཛེས་ཁྲིམས་ཀྱི་ཕྱུག་པའི་དྲང་སྲོང་ཁྱེད།།

མཛད་པའི་འཕྲིན་ལས་དྲན་བཞིན་བདག་ཕྱག་འཚལ།།


འོ་རྒྱལ་ཆེ་ཡང་བོན་ཆོས་རིག་གཞུང་ལ།།

དཀའ་བ་འབུམ་ཕྲག་གསེང་དུ་ཐོས་པ་མཛད།།

ས་མཐའི་ཡུལ་དུ་སྡུག་བསྔལ་འབུམ་ལ་བཟོད།།

བཟོད་པ་མཐའ་ཡས་ཁྱེད་ལ་བདག་ཕྱག་འཚལ།།


མི་ལོ་བཅུ་ཕྲག་ས་མཐའི་དགེ་ལྡན་བྱས།།

བཅུ་ཕྲག་རིག་གཞུང་རིག་པའི་འཚོལ་ཞིབ་མཛད།།

མཁན་སློབ་གཉིས་ཀྱིས་ཐུགས་ཀྱི་གདམས་བཟང་བསྣམས།།

འབྲས་བུའི་རྒྱལ་པོ་ཁྱེད་ལ་བདག་ཕྱག་འཚལ།།


ཟངས་འོད་འབར་བའི་འདུས་གནས་ཆེན་མོ་རུ།།

འཁོར་ལོ་གསུམ་གྱི་བྱ་བ་བྱེད་པ་ལ།།

སྣ་ཚོགས་ཚད་མའི་མཛོད་འཛིན་ཀུན་མཁྱེན་ཁྱེད།

སྲིད་འདིར་བླ་ན་མེད་པས་ཕྱག་འཚལ་བསྟོད།།


བདག་ཡིད་མོས་གུས་གདུང་བའི་དྲིན་ཚོར་གྱིས།།

འདུལ་འཛིན་སྐྱེས་མཆོག་གསེར་རིའི་ཕྲེང་ལས།།

དཔལ་ལྡན་བླ་མ་རི་དབང་ལྷུན་པོ་བཞིན།།

སྣ་ཚོགས་བོན་མཁས་སྐུ་ལ་ཕྱག་འཚལ་ལོ།།


དད་འདུན་མཚོད་སྤྲིན་མི་ཟད་རྒྱ་མཚོ་ལས།།

འཁྲུངས་པའི་ནོར་བུ་ཚད་མ་གསུམ་གྱི་བཅུད།།

ལས་ལྡན་བུ་སློབ་ཚོ་ལ་གཟུངས་གཞུག་ཕུལ།།

སངས་རྒྱས་ལས་ལྷག་བཀའ་དྲིན་སྙིང་ནས་དྲན།།


སྐུ་ཚེ་གཡུང་དྲུང་ཁྲི་ལ་བཞུགས་སུ་གསོལ།།

གསུང་དབྱངས་པི་ཝང་མཛོད་ལས་བརྒྱུད་དུ་གསོལ།།

ཐུགས་དགོངས་ཀུན་བཟང་ཀློང་ལས་དགོངས་སུ་གསོལ།།

བསྐལ་བརྒྱའི་བར་དུ་སྐུ་ཚེ་བརྟན་བཞུགས་གསོལ།།


     ཞེས་པ་འདི་ནི་རྗེ་བླ་མའི་བུ་སློབ་ཡོངས་ཀྱི་ཐ་ཤལ་བ་གྲྭ་སྨིན་གྲོལ་མིང་འཛིན་གྱིས་གཤེན་གྱི་བཀའ་ཐུབ་ཉིན་ལྔ་པའི་ཕྱི་དྲོ་རང་ཤག་དཔེ་མཛོད་ཁང་དུ་ཤར་མར་སུག་བྲིས་བྱས། དགེའོ།།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།