སྒྲ་འོད་ཟེར་གྱི་སྣང་བ་གཞི་སྣང་འདིས།།
འགྲོ་བ་ཕར་ཆེར་བསླུ་བར་གཞུང་ལས་གསུངས།།
དེ་བཞིན་རང་དང་གཞན་གྱི་འགྲོ་བ་ཀུན།།
སྒྲ་ཡིས་བསླུ་བ་མཐོང་ཐོས་མངོན་སུམ་ཡིན།།
རང་རེ་བོད་པར་མི་རིགས་གཞན་སྐད་སྒྲར།།
སྙན་པར་འཁྲུལ་ཏེ་རང་རིགས་ཕན་ཚུན་བར།།
རང་སྐད་ཤེས་ཀྱང་རང་སྐད་མི་བཤད་པར།།
རང་སྐད་རང་ཡིག་བརླག་པའི་རང་གཤེད་རེད།།
ནག་པོ་རྒྱ་དང་ཐུག་ན་རྒྱ་དང་འགྲོགས།།
དེ་བཞིན་མགོ་སེར་མགོ་དམར་གང་ཐུག་པར།།
དེ་དག་བཟང་བར་འཁྲུལ་ཏེ་རང་ཚུགས་ཀྱང་།།
དབང་མེད་ཤོར་འདི་རང་རིགས་བོར་རྟགས་རེད།།
སྔ་དྲོ་ལྷ་རྒྱལ་ཟེར་སར་ལྷ་རྒྱལ་ཟེར།།
ཕྱི་དྲོ་འདྲེ་རྒྱལ་ཟེར་སར་འདྲེ་རྒྱལ་ཟེར།།
འདི་ཞེས་གཏད་སོ་མེད་པའི་བོད་རིགས་འགར།།
གཞན་འགྱུར་ནང་ནས་གཞན་འགྱུར་དངོས་སུ་མཐོང་།།
ནང་གི་ཤེས་རིག་ཡོན་ཏན་འཛམ་གླིང་གི།།
མི་གྲལ་ཚུད་མཁན་ཉིན་མོའི་སྐར་མ་ཙམ།།
ཨོ་ཟོབ་སྒྲོབ་ཉམས་སུ་ལས་མཐོ་བ་འདི།།
ཕྱི་རྫིག་ནང་སྟོང་ཡིན་པའི་རང་མདངས་རེད།།
རང་སྡེའི་རིགས་ལ་ཤ་ཞེན་ཕར་ཞོགས་ཏེ།།
ཆོས་ལུགས་ཞྭ་མདོག་གོམས་སྲོལ་མི་གཅིག་ཙམ།།
ཕན་ཚུན་ཁ་བསྲེ་མེད་པའི་ངན་གོམས་འདིས།།
མཐུན་འབྲེལ་སྲོག་ཐག་གཅོད་པའི་ནད་ངན་རེད།།
ང་བན་ཁྱོད་བོན་ཟེར་ཞིང་བཤད་རྒྱུ་མང་།།
མདོ་དབུས་ཁམས་གསུམ་ལུང་ཚན་འཐེན་ཁྱེར་མང་།།
ཆགས་སྡང་ལས་སྦྱོར་འབྲུབ་ཁུང་ཟུར་གསུམ་ནང་།།
ཕན་ཚུན་ལིངྒ་བཞིན་དུ་འབྲུབ་པར་བྱེད།།
ཆོས་ལ་ཆོས་བཞིན་མི་སྤྱོད་ཅི་ཡང་བརྫུ།།
མི་ཡུལ་མི་བཞིན་མི་འགྲིམས་ཁྱི་བཞིན་འགྲིམས།།
ཁྱི་ཡིས་བདག་པོའི་རང་ངོ་ཤེས་ན་ཡང་།།
རང་རིགས་ལ་ལ་དེ་བས་ཚབས་ཆེར་སྣང་།།
རང་སྡེའི་རིགས་ལ་ཚིག་མཚོན་ཤིན་ཏུ་རྣོ།།
ཆགས་སྡང་ཉོན་མོངས་རྣམ་རྟོག་ཤིན་ཏུ་རྒོད།།
རང་རིགས་རྒོལ་བའི་བུ་ལ་འཕྲད་པའི་ཚེ།།
ཡ་ལན་ཕོད་མཁན་བོད་ལ་སྲིད་པ་ཙམ།།
རླབས་ཆེན་གཙོ་འཛིན་མའོ་ཀྲུ་ཞི་ཡིས།།
རང་རེ་བོད་ནི་ཆགས་སྡང་ནང་འཁྲུག་དང་།།
ཕན་ཚུན་ཤི་བསད་རོགས་དམ་མེད་པ་ཡིས།།
ནམ་ཞིག་ས་སྟེང་འདི་ནས་ཤི་འགྲོ་ཟེར།།
གཏམ་འདི་མྱོང་བ་ཅན་གྱི་གཏམ་ཞིག་སྣང་།།
གཏམ་འདི་བོད་ལ་ཤིན་ཏུ་བདེན་ནམ་སྙམ།།
གཏམ་འདི་གང་ན་གསུངས་པ་མ་ཤེས་ཀྱང་།།
གཏམ་འདི་དྲ་ལམ་དག་ལ་རྒྱུ་བས་མཐོང་།།
སྐད་ཡིག་བརླག་པའི་དགྲ་བོ་རང་རིགས་རེད།།
རིག་གཞུང་བརླག་པའི་དགྲ་བོ་རང་རིགས་རེད།།
ད་ནི་རང་གཤེད་རང་ལ་བབ་པ་འདི།།
ཤིན་ཏུ་ཉེན་ཁ་ཆེ་བའི་གནད་དུ་མཐོང་།།
སྐད་ཡིག་རིག་གཞུང་མི་རིགས་རང་བརླག་འདི།།
མེ་མདའ་ཅན་གྱི་འདྲེ་དམག་བྱེ་བ་དང་།།
བཙན་འགོག་སྒྲིག་ཁྲིམས་སྟོང་བས་ཐུ་བ་འདི།།
ཤེས་པར་བྱས་ནས་ཤེས་ན་གཟབ་གཟབ་བྱོས།།
རང་ཉིད་དེའི་གྲལ་འདུག་དང་མི་འདུག་དང་།།
རང་ཉིད་རང་རིགས་གླེང་ན་གླེང་རིན་ཞིག །
འདུག་དང་མི་འདུག་རང་གིས་རང་དཔྱོད་དེ།།
རང་རིགས་རང་ཚུགས་འཛིན་པ་ཤིན་ཏུ་གལ།།
དེ་རིང་དུར་སྲིའི་ཐན་སྐད་ནག་པོ་འདི།།
ཚ་རྫོབ་རོང་ནས་རང་སྡེར་སྤྲེངས་པ་འདི།།
ལྟས་ངན་ཐན་སྐད་མཐོང་ན་གཡུགས་ཀྱང་ཆོག །
དགོས་མཁོ་ཆེ་ན་སེམས་ཀྱི་དཀྱིལ་དུ་སྦོས།།
དགོས་པའི་དུས་དང་མཁོ་བའི་དུས་བབ་ཚེ།།
གཏེར་འདི་ལས་ཅན་གང་གི་ཐུགས་དཀྱིལ་ནས།།
རང་རིགས་ཤ་ཆུས་ཞན་པར་གསོ་སླད་དུ།།
ལྟས་ངན་ཐན་ཟློག་འདི་ཉིད་བཅའ་འདོན་མཛོད།།
དུར་སྲིའི་ཐན་སྐད་ལས། བོར་ལ་ཉེ་བའི་རང་རིགས་ཀྱི་རང་གཤིས་རང་སྐད་རང་ཡིག་བཙལ་ཅིང་ངོ་སྤྲོད་པའི་ལེའུ་སྟེ་གསུམ་པའོ།
2017 ་8 ་2 གཟའ་ལྷག་པ་ཉིན་ལ་བྲིས།