

ཡུལ་ནི་མདོ་གམ་སུམ་པའི་སྟོད།།
རྔུལ་རྫ་སྒང་གི་སྒང་རྩེ་སྟེ།།
དྭངས་ཤིང་གཙང་བའི་གནས་མཆོག་ཅིག།
དམུ་སྟོད་ཤ་རིའི་མཚོ་ཁ་རུ།།
དཀྱེལ་ཡངས་ཤེས་མཛངས་ཀྱི་ན་གཞོན་ལྷག་བསམ་ཅན་དངོས་གྲུབ་དང་། བཙན་གྲགས། བསམ་དར། འཆི་མེད་དར་བཟང་སོགས་ཀྱིས་སྣེ་ཁྲིད་དང་གོ་སྒྲིག་འོག མཐོ་སྒང་འབྲོག་སྡེ་འབུ་ཚབ་དང་། རོང་ཆེན། སྒང་རུ། དམུ་ཐ་སོགས་ནས་དད་ལྡན་མི་སྣ་བརྒྱ་ཕྲག་མང་པོ་་ལྷན་འཛོམས་ཀྱིས་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཞལ་ཕྱེས་པ་དང་ལྷན་དུ།

བོན་ནི་འཆད་ཉན་དགོས་པ་དང་།།
བོན་ནི་ལུང་དང་རྟོགས་པ་སྟེ།།
མ་བསླབ་བར་དུ་མི་འབྱུང་ཕྱིར།།
སློབ་པའི་དཔོན་གསས་ཅིས་ཀྱང་དགོས།།

དེས་ན། སྤྱི་ལོ༢༠༡༧/༧/༢༧ ཉིན།
ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན༧དཔོན་གསས་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེ་དང་། དམུ་ལྷ་ལུང་དགོན་གྱི་དབུ་བླ་ཤེལ་ཞིག་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། དེ་བཞིན་བླ་མ་ཤེས་རབ་སྙིང་པོ་དང་། མཁན་པོ་འོད་ཟེར་རྒྱལ་མཚན། ཕྲན་དགེ་བཤེས་དྲང་སྲོང་རྒྱལ་མཚན་བཅས་གདན་འདྲེན་ཞུས་པ་རེད།

དེ་ཡང་། བླ་མ་བྱོན་ཙམ། ཁྲི་ལོ་བཀྲོལ་ཙམ་མ་ཡིན་པར།
དཔོན་གསས་བླ་མ་སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་གཙོས་པའི་བླ་མ་རྣམས་ནས།
ཟབ་མོའི་ལམ་སྒོ་དབང་གིས་འབྱེད། ཅེས་གསུངས་པ་ལྟར། ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་ཟབ་མོ་བསྐུར་བ་དང་ཆབས་གཅིག སྐབས་དེར་དད་མོས་འདུན་པ་ཟབ་མོས་བུང་བ་རྩི་ལ་འཁོར་བ་བཞིན་བྱུང་བའི་དད་ལྡན་མང་ཚོགས་རྒན་དར་གཞོན་གསུམ་རྣམས་ལ་ཉིན་ལྔ་ཡི་རིང་ལམ་སྟོན་བློ་སྤེལ་གྱི་འཆད་པ་བོན་གྱི་འཁོར་ལོ་བསྐོར་བ་ཡིན་ཏེ།



མི་ལ་དགོས་པ་གསུམ།།
གཙང་སྦྲ་འཕྲོད་བསྟེན་དགོས།།
རིག་གནས་ཡོན་ཏན་དགོས།།
དགེ་སྒྲུབ་སྡིག་སྤང་དགོས།།

ཞེས་པའི་བརྗོད་གཞི་དང་འབྲེལ་བའི་སྒོ་ནས་མི་ཡི་སེམས་ནང་ནས་ནམ་ཡང་དམིགས་བྱ་མཐར་ཐུག་ཏུ་གྱུར་པའི་"བདེ་སྐྱིད་"ཅེས་པའི་ཡིག་འབྲུ་གཉིས་པོའི་ཕྱི་མདངས་དང་ནང་བཅུད་དེ་ཇི་ལྟར་བྱེད་ནས་རང་གི་རྒྱུད་ལ་ལེན་དགོས་པའི་ཚུལ་སོགས་ཟབ་ཅིང་རྒྱས་པ་འཆད་སྤྲོས་བྱས་པ་ཡིན།

ཡུལ་གྲུ་དེ་དག་གི་དད་ལྡན་རྣམས་ཀྱིས་དད་པའི་རླབས་ཕྲེང་དང་། དགའ་བའི་འཛུམ་མདངས། སྐྱིད་པའི་གླུ་དབྱངས་སོགས་ཀྱིས་སྐབས་དེའི་དགེ་སྤེལ་སློབ་གསོ་དེ་ནི། དྭངས་བའི་དད་པས་སྤྲོ་འགྱུར་དགེ་སྡིག་འབྱེད། ཅེས་གསུངས་པ་ལྟར་གྲུབ་སོང་།

དེ་ཡང་ཁ་བཤད་ཙམ་མ་ཡིན་པར་དོན་དངོས་ཀྱི་ལག་ལེན་ཐོག་དགག་ཕྱོགས་ནས་ཆང་རག བག་མ་ཅང་། ཐ་མ་སྣ་ཐ། དེ་བཞིན་ལུས་ལ་གནོད་ཚབས་ཆེ་བའི་གད་སྙིགས་ཀྱི་ཟ་མ་རྣམས་སྤང་ཅི་ཐུབ་བྱེད་བཅུག་པ། དེ་བཞིན་སོ་སོའི་ལྕོག་ཚོད་དང་སྦྱར་ནས་སྐྱབས་སྡོམ་དང་། དགེ་བསྙེན་གྱི་སྡོམ་པ། བསྙེན་བསྙུང་གི་སྡོམ་པ་གནང་བ་སོགས་མཛད། སྒྲུབ་ཕྱོགས་ནས་སྔོན་འགྲོ་བསག་སྦྱོང་དང་། དངོས་གཞི་ཉམས་ལེན། སྨྲ་སེང་བསྙེན་པ་ཁྲི་འབུམ་སོགས་ཁས་ལེན་དུ་བཅོལ་བ་དང་།

ལྷག་པར་དུ་ཡི་གེ་སྦྱོང་སྤྱད་《རྨང་གཞིའི་འཕྲུལ་ཡིག་སློབ་སྟོན》《སྔོན་འགྲོ་དངོས་གཞིའི་བསླབ་དེབ》《ཁ་འདོན་དེབ》སོགས་དེབ་བརྒྱ་ཕྲག་མང་པོ་བོན་སྦྱིན་གནང་བ་བཅས་འགྲོ་དོན་གནད་ལ་སྨིན་པར་མཛད་པའི་གནད་བསྡུས་སུ་གུས་དྲང་རྒྱན་པས་སྤྱི་ཚེས་༣༡ཉིན་བྲིས།
གཤམ་གྱི་གཤེར་རིས་རྒྱུད་ཁྱུང་པོའི་དྲྭ་ཐོག་ཕེབས་པ་དགའ་བསུ་ཞུ།