༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
འཛམ་གླིང་དུ་འོད་དཀར་འཚེར་བའི་གངས་རིའི་སྲིད་པའི་སྒྲོན་མེ་ཁྱེད་ཡིན།
[ཟླ་ཚེས།:2017-07-07] [གཟིགས་ཐེངས:]

C31638F1F4BD007CD819E89C24E4E631.jpg

འཛམ་གླིང་དུ་འོད་དཀར་འཚེར་བའི་གངས་རིའི་སྲིད་པའི་སྒྲོན་མེ་ཁྱེད་ཡིན།

ཁྱུང་དཀར་ཤེས་རིག
ཨེ་མ།
ལོ་རབས་ནས་ལོ་རབས་རྒྱུད།
སྐལ་པ་ནས་སྐལ་པ་མཐུད།
ཁྲི་ཕྲག་གི་ཚེ་སྲོག་རྐང་ཅིག་དེའི་དོན།
ཚེ་ལུས་ལོངས་སྤྱོད་ཡོངས་རྫོགས་གཏོང་སྟེ།
ཆོད་སེམས་ཀྱི་ཐེམ་སྐྲས།
གངས་རི་ལ་གཟུག།
ཉིན་འོད་ལ་འཁྲི་ཞིང་འཚོ་བ་རོལ།
ལྔ་རིག་ཞིམ་མངར་ཉིང་པོའི་རྩི་བཅུད་ལ་ལྷོད་མེད་དུ་རོལ་བཞིན་གནས་པ།
ལོ་རབས་དུ་མར་ལ་དཀའ་རྙོག་གི་འཕྲང་རིང་ལས་རིན་ཆེན་སྲོག་དབུགས་ཀྱི་རྒྱུ་བ་མ་ཆད་པའི་སྲིད་པ་ཞང་བོད་རྒད་པོའི་སྲོག་བཟུངས།
ངའི་རྩ་བའི་བླ་མ།
གཙུག་གི་རྒྱན་གཅིག།
 སྲིད་པའི་སྒྲོན་མེ་རིན་པོ་ཆེ།
སྐུ་ལ་འོད་ཟེར་འབར་ཞིང་།
གསུང་ལས་བོན་དབྱངས་སྒྲོགས་བཞིན།
ཐུགས་ཉིད་དགའ་ཡལ་ལེ།
ཞལ་གྱི་དཀྱིལ་འཁོར་འཛུམ་མུར་ལེར་བཞུགས་པ་ནི་སྤྱིར་གནམ་འོག་བོད་ཀྱི་བསོད་ནམས།
སྒོས་གཡུང་དྲུང་བོན་གྱི་གཟི་བརྗིད།
ཡང་སྒོས་སུ་འོ་ཅག་བུ་སློབ་ཚོའི་བསྐལ་པ་དུ་མར་བསགས་པའི་བསོད་ནམས་ཀྱི་འབྲས་བུ།
འོ་ཅག་ཚོའི་ཞལ་མཇལ་གསུང་ཐོས་ཐུགས་དགོངས་བླངས་པ་ཙམ་གྱི་མ་ཚད་ཏེ།
འཕྲིན་ལས་བཞིའི་ལེགས་འབྱུང་ནོར་གཏེར་ལེན་སའི་དཔོན་གསས་དམ་པ་ཁྱེད་ལ་དད་པ་གཙང་མའི་རྟེན་དུ་ལས་ཀྱི་བུ་ངན་སྣུབས་སྐྱོ་གོ་ར་ངས་གསོལ་བ་འདི་ལྟར་འདེབས།
 སྲིད་པའི་སྒྲོན་མེ།
ཁྱེད་ནི་ཡབ་ཞིག་པོ་བཅོ་བརྒྱད་ལྟ་བུའི་རིགས་བཟང་ཞིང་རུས་པ་སྦུམ་པོའི་ངོ་མཚར་ཅན་གྱི་ལོ་རྒྱུས་ལས་བྱུང་བའི་ཡང་སྤྲུལ་འཕགས་པ་ཞིག་མིན་ལ།
ཀུན་བཟང་ཀློང་བརྡོལ་གྲུབ་ཆེན་བརྒྱད་བཅུའི་ནང་གསེས་ཞིག་དེ་བས་ག་ལ་ཡིན།
སྲིད་པའི་སྒྲོན་མེ།
 ཁྱེད་ནི་ཁྱུང་དཀར་པོའི་ཕ་ས།
 རི་དམར་པོའི་འདབ་རོལ།
གནས་བྲག་དམར་རིའི་ལྷོ་ཕྱོགས་སུ།
མི་བུ་དཀྱུས་མ་ཞིག་སྐྱེས་ཞིང་།
སྐྱེས་མ་ཐག་ནས་རྗེ་རྒྱལ་བ་མཉམ་མེད་ཆེན་པོ་བཞིན་མ་བསླབ་རང་བརྡོལ་གྱི་ཡི་གེ་ཀློག་རབས་མེད།
སྲིད་པའི་སྒྲོན་མེ།
ཁྱེད་ཀྱི་འབྲི་ཀློག་འདོན་གསུམ་ནི།
དད་པའི་ཅང་ཤེས་ལ་ཤེས་རབ་ལྕགས་ཀྱིས་གྲབས་ཏེ་བརྩོན་འགྲུས་གོམ་འགྲོས་མཐའ་ཡངས་པའི་ཐང་དཀྱིལ་དུ་ཤེས་བྱའི་འགྲན་རྩོད་ཀློད་སྐབས་རྒྱལ་ཁ་ལོན་པའི་དན་རྟགས་ཤིག་ལགས་སོ།
དེ་ཡི་ཚེ་དེ་ཡི་དུས་ན།
གྱིམ་ཤོད་རི་མདུན་ལ་གཤེན་སྡེ་ཚང་གི་ཕ་མཁར་བཞེངས་ཏེ་གཤེན་བསྟན་སྒོ་མཛོད་མཆོག་གི་གླེགས་བམ་རི་བོ་ཧི་མ་ཡ་ཡི་ཉིན་སྲིབ་ཁག་ཏུ་འཚོལ་ཞིང་དཀའ་ཁྲི་མྱོང་བརྒྱ་ཡི་ཉམས་མྱོང་ལས་ཁྲ་ཆེན་ཁྲ་ཆུང་གཟུགས་ལ་བསྟར་ཏེ་རང་སྒྲ་སྒྲོག་པ་ལ་སོམ་ཉི་ཤོར་སའི་བཀའ་བརྟེན་འགྱུར་གྱི་ཉི་ཟླ་ཆ་རེ་བོན་དད་ལྡན་ཚང་ལ་མཇལ་སྐལ་སྟེར།
འཆད་རྩོད་རྩོམ་གྱི་གཤེན་ཕྲུག་ཁྱུ་ལ་ཐོས་བསམ་སྒོམ་གྱི་བུམ་བཟང་རེ་གནང་ཞིང་བསླབ་གསུམ་ཡོན་ཏན་དང་ཚོགས་གཉིས་ཟུང་འབྲེལ་གྱི་བུམ་བཅུད་རེ་སྩལ། ཐབས་ཤེས་རྨད་འབྱུང་དགའ་བདེའི་ཉམས་ཀྱི་ཕྱུག་པའི་བོན་དྲང་ངེས་གཉིས་ཀྱི་ཁ་རྒྱན་རེ་བཙུག་སྟེ་བདེར་གཤེགས་མཆོད་པའི་གནས་སུ་བཀོད་པ་མཛད་ཅིང་བཞུགས་པ་ལགསོ།
སྲིད་པའི་སྒྲོན་མེ།
 ཁྱེད་ནི།
ཡ་རབས་གཤིས་བཟང་།
ལྷད་མེད་སེམས་དཀར།
ཐུགས་མཐུན་ཁྲིམས་གཙང་།
འདོད་ཆུང་ཆོག་ཤེས་ལ་དུས་འདའ་བ་ནི།
ཁྲི་གཙུག་རྒྱལ་བའི་བྱིན་རླབས་ཐོབ་པའི་དོན་གྱི་གྲུབ་རྟགས་ཞིག་ལགསོ།
རིན་པོ་ཆེ།
སྲིད་པའི་སྒྲོན་མེ་ལགས།
 ཁྱེད་ནི་ཤར་རྫའི་མཛོད་ལྔའི་དགོངས་དོན་ལ་མངའ་བརྙེས།
མཉམ་མེད་རྒྱལ་བ་བྲུ་ཡི་རིང་ལུགས་ལ་དབང་ཐོབ།
ཀུན་བཟང་ཏ་པུ་ཧྲི་ཙའི་བོན་ལ་ཉམས་མྱོང་ཆེ་བ་ཞིག་ལགས་སོ།  
སྲིད་པའི་སྒྲོན་མེ།
ཁྱེད་ནི་སངས་རྒྱས་བསྟན་དོན་དུ་ལུས་སྲོག་གཏོང་བའི་དོན་གྱི་དཔའ་བོ།
བཤད་སྒྲུབ་སྒོམ་གསུམ་ལ་མཐུན་རྐྱེན་སྐྲུན་པའི་ས་སྟེང་གི་སྦྱིན་བདག། འགྲོ་བ་ཕོ་མོ་ཡི་མུན་པ་སེལ་བའི་སྲིད་པ་འདིའི་སྒྲོན་མེ།
མ་རིག་ནད་གདུང་གི་ས་བོན་གཞོམ་པའི་དོན་གྱི་ལྷ་རྗེ་ཞིག་ལགསོ།
རིན་པོ་ཆེ།
སྲིད་པའི་སྒྲོན་མེ།
ཁྱེད་ལ་དབང་ལུང་གི་རྒྱུད་པ་གཙང་བ་ནི་རྗེ་སྨན་རིའི་མཁན་སློབ་ཟུང་ལ་ཐུག་ཅིང་།
བྱིན་རླབས་ཀྱི་ན་བུན་སྐུ་ལ་འཁྲིགས།
དངོས་གྲུབ་ཀྱི་འཇའ་ཟེར་གསུང་ལ་ཤར།
ཐུགས་རྗེའི་བྱིན་ཆེན་ཐུགས་ལ་འདྲེས་པས།
ཁྱེད་ནི་དོན་གྱི་དཔོན་གསས་བླ་མ་ཞིག་ལགས་སོ།
སྲིད་པའི་སྒྲོན་མེ།
ཁྱེད་ནི་འགྲོ་འདུལ་ཐབས་ལ་མཁས་པ།
ལྷག་བསམ་གཙང་ཞིང་དག་པ།
མཛད་འཕྲིན་རྒྱས་ཤིང་ཟབ་པ།
རྨད་འབྱུང་ཡོན་ཏན་ཆེ་བའི་རྟགས་སུ།
ཀུན་ཤེས་གོ་འབྱེད་ཅིང་རིག་པ་ཤིན་ཏུ་གསལ་བ་ལགསོ།
སྲིད་པའི་སྒྲོན་མེ།
ཁྱེད་ནི་རང་གཞན་དོན་གཉིས་སྒྲུབ་པ་ལ།
འཕྲིན་ལས་བཞིའི་གྲོགས་པོ་ལེགས་ཤིང་།
བླང་དོར་དཔྱད་ཀྱི་མིག་ཤེས་གསལ་བ་ཞིག་ལགསོ།
རྩ་བའི་བླ་མ་ལགས།
བཀའ་དྲིན་ཤིན་ཏུ་ཆེ།
ཁྱེད་ངོ་མ་འོ་རྒྱལ་ཆེ་སོང་།
རིན་པོ་ཆེ།
ཁྱེད་ང་ཚོ་ལ་ཡོད་སྟབས།
བཤད་སྒྲུབ་སྒོམ་གྱི་འདུས་སྡེ་དར་ཞིང་།
འཆད་རྩོད་རྩོམ་གྱི་རྒྱལ་བསྟན་རྒྱས་སོང་།
ཁྱེད་འདི་ནར་བཞུཌ་པ་ནས་བཟུང་།
ཉོན་མོངས་དུག་ལྔའི་ནགས་ཚལ་བསྲེགས་པའི།
ཡེ་ཤེས་ལྔ་ཡི་མེ་ཆེན་འབར་སོང་།
ཁྱེད་འདི་ནར་ཡོད་པ་ནས་བཟུང་།
བོན་གཤེན་བསྭོ་སྒྲའི་གླུ་སྐད་སྙན་ཞིང་།
གཤེན་ཕྲུག་གསར་པའི་ལང་ཚོ་རྒྱས་སོང་།
བླ་མ་ལགས། རིན་པོ་ཆེ།
མདུན་ཕྱོགས་སུ་ལྟ་བའི་དོན་གྱི་སྤྱན་མིག་མ་གསལ་ཞིང་རང་རྒྱུད་ལ་ཡོད་པའི་ཉོན་མོངས་དགྲ་བོ་མ་འཐུལ་བའི་འཛམ་གླིང་དུ་འགྲོ་བཞིན་པའི་མི་རྒོད་ཀླད་མེད་ཁྱུ་གཅིག་ལ།
ཁྱེད་ཀྱིས།
ཤེས་བྱས་ལག་སྒྲོན་གནང་སྟེ།
མདུན་ལམ་འོད་ཀྱི་བཀང་སོང་།
བྱམས་བརྩེའི་བསུ་བ་ཞུས་ཏེ།
ཕན་བདེའི་ཀླད་པ་བྱིན་སོང་།
གཤེན་བསྟན་འཕྲུལ་ལ་བཀྲམ་སྟེ།
འཛམ་གླིང་འོད་ཀྱི་ཁྱབ་སོང་།
རིན་པོ་ཆེ།
ཁྱེད་བཞུགས་པའི་དུས་སུ།
ཕྱི་ཡི་སྣོད་དང་ནང་གི་འགྲོ་བ་གཉིས་ཀ་ངེད་ཅག་གི་དྲིན་ཅན་གྱུར་སོང་།
དཔོན་གསས་ལགས། རིན་པོ་ཆེ།
སྐད་དང་ཡི་གེའི་ལོ་རྒྱུས་འཚོལ་དུས་ཁྱེད་དྲན་ལ།
ཁྱེད་ཀྱི་མཛད་འཕྲིན་དང་སྙིང་སྟོབས་སྙིང་ནས་ལྷག་ཏུ་དྲན།
ཕ་ཆོས་གཡུང་དྲུང་གི་བྱུང་རིམ་འཚོལ་དུས་ཁྱེད་དྲན་ལ།
ཁྱེད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རང་མདངས་དེ་དེ་བས་དྲན།
ནང་བསྟན་རིག་གཞུང་གི་སྙིང་པོ་འཚོལ་དུས་ཁྱེད་དྲན་ལ།
ཁྱེད་ཀྱི་ཉམས་རྟོགས་ཡོན་ཏན་ཆ་དེ་བས་དགུ་འགྱུར་དྲན།
རྔ་སྒྲ་གཤང་སྒྲ་ཡི་བོན་དབྱངས་ཐོས་དུས་ཁྱེད་དྲན་ལ།
ཁྱེད་ཀྱི་བཀའ་སློབ་ཀྱི་མན་ངག་བྱིན་ཆེན་དེ་བས་དྲན།
སྒོ་བཞི་མཛོད་ལྔ་ཡི་གསུང་རབ་བཀླག་དུས་ཁྱེད་དྲན་ལ།
ཁྱེད་ཀྱི་མཛད་བཟང་གི་ཉིང་བཅུད་དེ་བས་དྲན།
སྲིད་པའི་སྒྲོན་མེ་ལགས། རིན་པོ་ཆེ།
གངས་དཀར་རི་བོའི་མདུན་ཞོལ་ན་ཁྱེད་བཞུགས་དུས།
ངའི་སེམས་པ་དགའ་བའི་མྱོས།
དགའ་བ་འཛད་མཐའ་མེད།
བྲག་དམར་རི་ཡི་མདུན་ཞོལ་ན་ཁྱེད་བཞུགས་དུས།
ངའི་མི་ཚེ་བདེ་བའི་ཕྱུག
བདེ་བ་བརྟན་རླིང་ཆེ།
ཕ་དགོན་གཡུང་དྲུང་བསྟན་གླིང་ལ་ཁྱེད་བཞུགས་དུས།
ངའི་ལུས་སེམས་དད་པའི་ཟོས།
དད་པ་དགའ་བྲོད་རྒྱས།
མདོར་ན་ཞང་བོད་ཕ་ས་ལ་ཁྱེད་ཡོད་པས།
གནམ་ཁའི་ལྷ་ཡི་དགའ་གླུ་ལ་སྙན་འཇེབས་ལྡན།
ས་སྟེང་མི་ཡི་གཤེན་སྐད་ལ་གཟི་བརྗིད་འབར།
འོག་ཕྱོགས་ཀླུ་ཡི་དཔལ་འབྱོར་ལ་འཕན་དར་རྒྱས།
དཔོན་གསས་ལགས། རིན་པོ་ཆེ།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།