༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
གཤིས་ལུགས་བརྗོད་པ།
[ཟླ་ཚེས།:2017-07-07] [གཟིགས་ཐེངས:]

གཤིས་ལུགས་བརྗོད་པ།

རྔུལ་ཚའི་བུ་ཕྲུག

གཞི་རང་གྲུབ་སྲ་བརྟན་མཎྜལ་བརྗིད།  མཛེས་ཆུ་བྲག་ནགས་སྤང་ཕྱུར་བུར་བལྟམ།
ལས་བྱེད་པོས་མ་བྱས་མཆོད་ཉམས་ལྡན།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

གཤེན་གོང་མའི་བྱིན་རླབས་གཙང་པོའི་རྒྱུན། བོན་བསླབ་གསུམ་སྡོམ་ལྡན་ས་གཞིའི་རྡུལ།
ལས་རྣམ་དཀར་དགེ་བཅུ་ཉི་ཟླའི་འགྲོས།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

ཡུལ་བླ་སྲོག་སེང་སྟག་ཞི་ཁྲོའི་གནས།  གནས་སྟག་ལའི་བྱིན་རླབས་བཙན་དྲག་མཆོག།
མཆོག་མ་ང་བྱ་དམར་སྒོང་རུམ་བཞུགས།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

ཕྱུགས་གཡུང་དག་བྱ་གཅན་རི་དྭགས་དང་།  ཁམས་ས་རྡོ་རྩི་ཤིང་སྨན་རྫས་རྣམས།
གཞི་མ་བཅོས་རང་བརྡོལ་སྐྱེ་དངོས་འབེལ།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

དམའ་ཞིང་པའི་ཐོན་བསྐྱེད་རྔམ་ཁ་མཐུག།  མཐོ་འབྲོག་སྡེའི་ཡོང་བབས་སྣ་ཁ་མང་།
གཞན་ཞོར་ལས་ཐོན་རྫས་དུས་བཞིར་རྡོལ།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

མི་དྭངས་མ་ཞིང་འབྲོག་ཕོ་མོ་དང་།  ལས་དྭངས་མ་ཞིང་ལས་འབྲོག་ལས་ཏེ།
རྒྱུ་དྭངས་མ་ཞིང་འབྲོག་ཐོན་བསྐྱེད་འཕྱུར།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

ལུས་ལྷད་མེད་རང་འབྱུང་འཚོ་བཅུད་རོལ།  སེམས་གུ་ཡངས་གཡུང་དྲུང་བོན་གྱིས་སྐྱོབ།
དགོན་གོང་བཀུར་འཚོ་ཚིའི་ལས་ལ་གཟབ།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

དཔྱིད་དབྱར་ཟླར་སོ་ནམ་ཞོར་ལས་གཉེར།  སྟོན་འབྲས་སྨིན་ས་ཚྭ་བརྔ་བསྡུར་བྲེལ།
དགུན་དགེ་ལས་ཕྱག་བསྐོར་ཚོགས་མཆོད་བརྩོན།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

མི་གསོན་པོ་ཞིང་འབྲོག་གཉེར་མཁན་ཡིན།  རྒྱུ་ཟས་ནོར་རང་འབྱུང་བདུད་རྩི་ཡིན།
སེམས་ཁྲེལ་གཞུང་དགེ་སྡིག་བླང་དོར་ཤེས།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

སེམས་དལ་ལྷོད་དྭོགས་འཚེར་འཇིག་པ་བྲལ།  ལུས་དག་པ་ངན་ཨེ་ཡམས་ནད་ཉུང་།
ངག་དག་པ་སྐུ་གསུམ་བསྙེན་རྒྱུན་བགྲང་།    ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

ཟས་ཕུང་ཁམས་འཕྲོད་ཅིང་ནད་ཡམས་འགོག།  གོས་ལུས་སེམས་འཚེ་མེད་བདེ་སྐྱིད་སྟེར།
ཞིང་འབྲོག་པའི་འཚོ་གོས་ཐོན་ཁུངས་ཕྱུག།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

རྗེ་འབངས་མི་ཀུན་གྱི་དང་ཁ་བདེ།  གསོན་ཚེ་གང་ལོངས་སྤྱོད་ཚེ་སྲོག་བསྲིང་།
དྲིན་མཆོག་གྱུར་ཞིང་འབྲོག་ཐོན་རྫས་མོད།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

སྔོན་མྱེས་པོའི་མཛད་བཟང་ཤུལ་བཞག་སྟེ།  དགེ་རྣམ་དཀར་དྲང་པོས་ལུགས་གཉིས་བསྐྱང་།
ཁྲམ་གཡོ་སྒྱུ་ངན་རྒུ་དྭོགས་འཛེམ་མཁས།  ཞིང་འདི་ནི་མགྲོན་པོའི་ཕ་ཡུལ་ལགས།

གནས་གཅིག་གིས་བསྡུས་པའི་གྲོགས་པོ་ཚོ།  རང་སྐྱེ་ཡུལ་འདི་ཕྱི་གཉིས་ཡོད་ཡིན།
དྲིན་མེས་པོས་བཞག་པའི་སྲོལ་བཟང་གང་།  གཞོན་སྐྱ་སེར་ཀུན་གྱིས་བསྲུང་བསྐྱབ་མཛོད།

ཕྱི་འབྱུང་ཁམས་དོ་མཉམ་འཁྲུག་མེད་ཤོག།  ནང་སྐྱེ་འགྲོ་བདེ་སྐྱིད་གོང་འཕེལ་ཤོག།
བར་སྤྱོད་བཟང་དགེ་བཅུ་རྟག་འབར་ཤོག།  གསང་མཐར་ཐུག་གཞི་དབྱིངས་ཟིན་གྱུར་ཅིག།

གཞུང་ཟབ་མོའི་གོ་དོན་རུས་སྦལ་སྤུ།  ཚིག་སྡེབ་སྦྱོར་སྟངས་སྟབས་སྐྱ་ཀའི་སོ།
དེང་གསར་སྐྲུན་ལག་ལེན་རི་བོང་རྭ།  དེ་ཀུན་ཚང་རྔུལ་ཚའི་བུ་ཕྲུག་པས།

སྤྱི་ཉིས་སྟོང་བཅོ་ལྔའི་ཟླ་༧ཚེའི༡༩ཉིན།  གཟའ་ཉི་མའི་ངལ་གསོའི་དགུང་དྲོ་དུས།
རྒྱ་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས།  སྔོན་བག་ཆགས་ལྷང་ལྷང་དྲན་བཞིན་བྲིས།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།