༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
སྤྲིན་འབྱུང་གི་དུས་ལ་བསྔགས་པ།
[ཟླ་ཚེས།:2017-07-06] [གཟིགས་ཐེངས:]

1DA683D9E01D6ED65CD21F620C5C5654.jpg

སྤྲིན་འབྱུང་གི་དུས་ལ་བསྔགས་པ།

ཁྲི•རིག་པའི་མདའ།


སྔོ་བསངས་དྲི་མེད་ཀུན་གསལ་ལམ་ནས་ཉི་ཟླ་གཉིས་ཀྱི་འཕྱང་འཕྲུལ་སྒེག།
འཛུམ་ཟེར་འོད་ཀྱི་ཟེར་ཐིགས་རེ་ལ་དཀར་འཇམ་སྤྲིན་གྱི་གདུ་བུ་འཁྱུད།།
རབ་བརྗིད་མཁའ་གླང་མགྲིན་པའི་སྦུགས་ལས་སྦྲང་ཆར་བགྲོད་བྱས་ཁ་ཆུ་འཛར།།
ས་འཛིན་དཀར་པོའི་བཞིན་རས་ངོས་ཀྱི་དཀར་པོའི་འོད་མདངས་ཁྱེད་ཀྱི་མནོལ།།

གངས་དཀར་རི་བོ་གློ་བུར་བཤུམ་པའི་མིག་ཆུ་རྡོག་པོའི་ཕྲེང་བ་དེ།།
དབང་མེད་ཤུགས་ཀྱིས་འཛིན་མར་ཟགས་ནས་ཆད་མེད་དལ་འགྲོའི་རྒྱུན་དང་འགྲོགས།།
མཚོ་འགྲམ་ལ་སྲེད་གདུང་བས་མནར་བའི་རབ་མཛེས་ལུ་གུ་མེ་ཏོག་དེས།།
ཉི་འོད་མཐུང་བཞིན་མགོ་བོར་གཡུགས་ནས་སྤྱན་གྱིས་ཟུར་མིག་ཁོ་བོར་ཕྱོགས།།

དབྱར་སྐྱེས་དར་མས་སྟོང་གསུམ་མྱུལ་ནས་དཔྱིད་ཀྱི་ཕོ་ཉ་སྤྱན་དྲངས་པས།།
ནགས་དགའི་བུ་མོ་དད་པ་སྐྱེས་ཏེ་ཁྱེད་ལ་དགའ་བའི་པི་ལྦང་དཀྲོལད།།
རྐང་མཐུང་ཡོ་ཅོག་གླུ་ཡིས་མཉེས་ཏེ་ལྕུག་ལྡེམ་ལུས་ཀྱི་གར་སྟབས་བསྒྱུར།།
དྲོ་བཞོན་ལྷ་མོ་རྩི་ཡིས་བཟི་སྟེ་རི་ལུང་ཐང་གསུམ་བཀའ་ནན་ཕབས།།

གསེར་ལྡན་དགའ་མས་གཡུ་གོས་ཀླུབ་དེ་ལུས་ངག་ཡིད་གསུམ་གང་ཁྱེད་ཕུལ།།
འདབ་ལྡན་དཀར་དམར་དྲན་མེད་བརྒྱལ་ཏེ་དམར་ཆུང་ཁ་ནས་སྦྲང་རྩི་སྐྱུག།
གཡུ་སྦྲང་གཞོན་ནུའི་སྙིང་པོ་བགྲང་བཞིན་ཁྱེད་ཀྱི་མགོ་བོར་འོ་ཞིག་བྱས།།
ཉི་ཟླ་གཉིས་ཀ་ངོ་ཚས་སྐྱེངས་ཏེ་ཆུ་ལྷའི་ཕག་ཏུ་སྐད་ཅིག་བྲོས།།

དཀར་ནག་ནོར་ཁྱུ་ན་མར་གཞུང་དུ་ངུར་རྒྱང་རིང་མོའི་མཛའ་གླུ་གྱེར།།
ན་ཆུང་རྫི་བོས་འཕྱིངས་དཀར་སྟེང་དུ་གྲོ་ཡོས་ཞིམ་པོའི་དྲོ་སྒར་བཏབ།།
གཡང་གཟར་བྲག་ནས་བཙན་གྱིས་མཆོང་བའི་ཆུ་རྡུལ་གཟེགས་མའི་བྱིན་རླབས་ཀྱིས།།
ཟླ་བའི་མ་མ་བརྩེ་བས་བཅིངས་བའི་གསེར་མིག་ཅན་དེ་ཡིད་དབང་བཅོམ།།

ལྷང་ལྷང་རྒྱུག་གཙང་ཆུའི་ངོགས་སུ་མེ་ཏོག་སྣ་དགུའི་ཕྲེང་བ་སྟར།།
མིག་མེད་གྲོག་མ་དལ་གྱིས་རྒྱུ་བས་གང་ཁྱེད་ལུས་ལ་ཤིན་ཏུ་གདུང་།།
རྐང་ལག་བཞི་ཀ་ལྕོགས་ཅིག་རྐྱོང་ནས་བྲང་གི་འོ་འཛིན་ཡང་ཡང་འཇིབས།།
སྦྲང་རྩིའི་རྒྱལ་མཚན་ཀླད་ན་འཕྱར་བའི་རྭ་ཡིག་གཉིས་པ་དོག་པས་སྨྱོས།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།