༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
ང་ཡི་སློབ་དཔོན།
[ཟླ་ཚེས།:2017-07-03] [གཟིགས་ཐེངས:]

41CD11EEE8C4B83636191FA7D2F5706B.jpg
ང་ཡི་སློབ་དཔོན།

     ཨ་ཁུ་དྲང་ཉི།

ལྟས་བཟང་རྐྱང་པས་བསུ་བ་མ་བྱས་ལ།།
མ་འོང་ལུང་གིས་བསྔགས་པ་མ་ཡིན་པར།།
ལ་ཆུང་ཚང་གི་གཡང་ཁྱིམ་གྲུ་བཞི་ནང་།།
མི་རྐྱང་དཀྱུས་མ་ཞིག་གི་ངོ་བོར་བལྟམས།།

མ་བསླབ་ཡི་གེ་ངང་གིས་བརྡོལ་བ་མིན།།
བསླབ་པའི་གསལ་བྱེད་མ་ཤེས་རྨོངས་པ་མིན།།
ཕ་ཁུ་གང་གིས་བརྩེ་བའི་ཕྱག་བར་ནས།།
འཕྲུལ་ཡིག་བཞི་བཅུའི་རྟ་ལ་ག་ལེར་བསྐྱོན།།

ངེས་འབྱུང་མཚོ་མོས་ཁྱིམ་ནས་རི་ལ་ཁྱེར།།
སྒང་དྲུག་རི་བོ་གོམ་པས་བཅད་ནས་དེངས་།།
དབུས་གཙང་རུ་བཞི་ལྟོགས་སྐོམ་ངང་ནས་གཤགས།།
ཐོབ་གསར་སྨན་གླིང་ཁྱིམ་གཞིས་གཉིས་པ་གདམས།།

རས་རྐྱང་དམར་པོ་ཉིན་མཚན་གཉིས་ལ་གྱོན།།
པགས་རྩག་བསམ་ནས་ཞག་དང་ཟ་མར་འདས།།
བག་གོར་ལེབ་གཅིག་ཚ་དྲོ་དུས་གསུམ་ཟོས།།
རྩམ་དཀར་དྲན་ནས་ལོ་དང་ཟླ་བར་འཚོས།།

མཁན་སློབ་ཉི་ཟླ་སྤྱི་བོ་གཡས་གཡོན་བཞག།
གནང་བའི་བཀའ་སློབ་སྙིང་གི་དཀྱིལ་དུ་སིབ།།
གཡུང་དྲུང་སྤུན་གྲོགས་སྲོག་གི་རྩ་ལ་བསྟར།།
ཁྱོད་ཁམས་ང་དབུས་རྩོད་ལ་སྙིང་རྩ་འདར།།

ཉི་མ་སེར་པོའི་ཟེར་གྱིས་ཤིནད་ཏུ་དྲོས།།
ཟླ་བ་དཀར་པོའི་འོད་ཀྱིས་རབ་ཏུ་གསལ།།
བཀུར་བའི་བླ་མ་གང་དེའི་ཐུགས་ལ་བབས།།
དཔོན་གསས་བླ་མ་མཉེས་པའི་ཚོགས་ཆེན་བསགས།།

བསྡུས་རྟགས་ཚད་གསུམ་གོམ་པ་དང་པོ་སྤོས།།
གབ་མཛོད་ས་གསུམ་བང་ཁ་རྒྱང་དུ་གཏད།།
སྔགས་རྫོགས་གཉིས་ཀྱི་མཐོ་བའི་ལ་ཁ་དེར།།
བཤེས་གཉེན་ཆེན་མོའི་ལ་བཙས་བསྭོ་སྒྲས་བཞེངས།།

དཔོན་གསས་བླ་མའི་ཞལ་བཀོད་ཇི་བཞིན་དུ།།
རང་ཡུལ་གངས་རིའི་ཞིང་དུ་ཕྱིར་འཁོར་ནས།།
བྲག་དམར་མེ་རིའི་འདབས་ཀྱི་གཏེར་སྒྲོམ་ཁར།།
འཆད་རྩོད་བཤད་སྡེ་བཞེངས་སའི་ས་སློང་བྱས།།

བཀྲ་ཤིས་ཉི་མ་བཟང་པོས་མདུན་བསུས་ནས།།
རིག་རྒོད་བཙུན་ཆུང་ཁྱུ་ཡི་རྣམ་ཤེས་སྲུབ།།
ཁ་དོག་དཀར་དམར་གཉིས་ཀྱི་འཕྲད་ཐིག་གདབ།།
སྒྲུབ་རྟགས་རྟོགས་ཚད་གཉིས་ཀྱི་རྨིང་གཞི་བཏིང་།།

སྤོང་ལམ་མདོ་ཡི་རྩིག་པ་དགུང་ལ་མཐོ།།
བསྒྱུར་ལམ་སྔགས་ཀྱི་ལྕམ་གདུང་ཧྲག་པོར་བཀོད།།
གྲོལ་ལམ་རྫོགས་པ་ཆེན་པོའི་གསེར་འཕྲུ་མཛེས།།
འཆད་རྩོད་བཤད་སྡེའི་གསས་ཁང་སྦྲ་ལྟར་དབུབ།།

ཕུན་ཚོགས་ཉམས་སྣང་དགའ་བའི་གསས་ཁང་དེར།།
འདུས་འཁོར་བརྒྱ་གྲངས་ཚོགས་ལ་བོན་སྟོན་ནས།།
གཤིས་ངན་དཔྱིད་ཀྱི་གནམ་ངོ་མ་ཡིན་པར།།
རང་ཚུགས་གསེར་གྱི་གཡུང་དྲུང་ཨེ་མ་ཧོ།།

2016/05/28•ཉིན་བྲིས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།