༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
རྟགས་དང་ཐལ་བའི་ཟུར་གནད་ཀྱི་མཆན་བུ།།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-07-01] [རྩོམ་པ་པོ།:གཡུང་དྲུང་རིན་ཆེན་] [གཟིགས་ཐེངས:]

མཚན་དཔེ་ཕུན་ཚོཌ་གངས་རིའི་དབུས་ནས་བཞད།།
དྲུག་ཅུའི་གསུངས་ཀྱིས་འགྲོ་བའི་རེ་འདོད་བསྐངས།།
ཤེས་རབ་འོད་ཀྱིས་མུན་སྨག་ཀུན་སེལ་བའི།།
གངས་ཅན་མགོན་པོ་གཤེན་རབ་མི་བོར་འདུད།།

སྡེབ་སྦྱོར་ཚིག་གི་རྩལ་ལ་མི་མཁས་པས།།
སྙན་འཇེབས་ཡིད་ལ་འགྲོ་པོ་མེད་མོད་ཀྱང་།།
དཀའ་བ་རྔུལ་ཆུ་བསགས་པ་ཐིགས་པའི་བཅུད།།
དོན་བདེན་གཏམ་འགའ་ཡོད་ན་དགེས་པར་ལོངས།།


དེ་ཡང་ཐོས་བསམ་གྱིས་ན་མ་སོན་པའི་མི་བུ་བདག་འདྲ་བ་ཞིག་གིས་རིག་གཞུང་རླབས་པོ་ཆེ་འདི་དག་གི་དགོངས་དོན་ཚུལ་བཞིན་དུ་རང་གཞན་ཀུན་ལ་ཁ་གསལ་གོ་བདེ་ཅན་གྱི་རྩོམ་ཡིག་རྣལ་མ་ཞིག་ཕུལ་རྒྱུ་ནི་ཕར་རིའི་སྤང་རྒྱན་ཡིན་མོད། འོན་ཀྱང་རང་ཉིད་ཀྱིས་གནས་སྐབས་བསམ་ཚུལ་ཙམ་བཀོད་པ་ནི་རྗེས་ཕྱོགས་རང་གི་དྲན་པ་གསོ་བ་དང་སྦྱང་བྱའི་དཔེ་ཆ་ལ་ལྟ་རྟོག་བྱེད་པ་ཡིན་པས་ཁེ་ཕན་ཤིན་ཏུ་ཆེ་བར་སྣང་ངོ་།། གཞན་ལའང་ཕན་པ་མ་གཏོགས་གནོད་པར་མི་སྲིད་པས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དང་དེའི་དམ་བཅའ་ལ་ཚད་མས་བསལ་བ་འབབ་ཚུལ་ཅུང་ཟད་གླེང་བ་ལ།
དང་པོ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱི་མཚན་ཉིད་ནི་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་དེ་ཉིད་ལས་༼རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་ཅིང་དམ་བཅའ་ལ་བསལ་བ་འབབ་པའི་རྟགས་སྟོན་པས་ལྡོག་ན་ཚུལ་གསུམ་ཚང་བའོ༽ཞེས་གསུངས། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་ཞེས་པ་དེ་ཁྱབ་པ་ཚད་མས་གྲུབ།  རྟགས་ལོག་རྟོག་ཁས་ལེན་དགོས་པ་ཡིན་ཏེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་ན་བོན་ཅན་གཞི་གྲུབ། རྟགས་ཁས་བླངས། ལྡོག་ཁྱབ་ཚད་མས་ངེས། དམ་བཅའ་ལ་ཚད་མས་བསལ་བ་འབབ་པ་དང་བཞི་ཚང་དགོས་པར་གསུངས་པས་སོ།།
སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་ན་དེ་གསུམ་ཚང་དགོས་ཞེས་པ་དེ་རྗེ་ཡི་ཚད་འགྲེལ་དང་བཟང་རྒྱལ་རྟགས་རིགས་སྐབས་སུ་དགོས་ཞེས་པ་ཙམ་ལས་དགོས་ལུགས་དགོས་ཚུལ་གྱི་གསལ་ཁ་མེད་པས་དཀའ་ཁག་ཆེན་པོ་མྱོང་བ་ཡིན།  ད་ལན་ཚད་མ་ཀུན་བཏུས་ལ་སློབ་སྦྱོང་བྱེད་སྐབས་སུ་དེ་དག་དགོས་ཚུལ་འདི་འདྲ་ཡིན་འདུག་བསམ་པའི་ཚོར་སྣང་ཞིག་བྱུང་སོང་བས་དེ་དག་སྦས་གསང་མེད་པར་བཤད་ན་མི་ཆོག་པ་ཅི་ཡོད་བསམ།
དེ་ལ་དང་པོ་ཐལ་འགྱུར་དེའི་རྟགས་ཁས་བླངས་ཙམ་ལས་ཚད་མས་མ་གྲུབ་པ་དགོས་ཏེ་ཁས་ལེན་དེ་ལ་ཚད་མས་བསལ་བ་ཡོད་དགོས་པ་དང་ལྡོག་པའི་རྟགས་ཀྱི་བསྒྲུབ་བྱ་དེ་གྲུབ་རྒྱུ་ཡོད་དགོས་པའི་དོན་ཡིན་ནོ།།  རྟགས་སྦྱོར་དེའི་བསྒྲུབ་བྱ་གྲུབ་རྒྱུ་ཡོད་ན་ཐལ་འགྱུར་དེའི་བོན་ཅན་རྟགས་དེ་རུ་ཚད་མས་ངེས་རྒྱུ་མེད་དེ། ཡིན་མིན་གཉིས་དངོས་འགལ་གང་ཞིག་ལ་རྟགས་སྦྱོར་དེའི་བསྒྲུབ་བྱ་ཐལ་འགྱུར་དེའི་རྟགས་དང་བོན་གཉིས་ཀྱི་ལོག་ཕྱོགས་དེ་ལ་འཇོག་དགོས་པ་མ་ཚད་རྟགས་ལོག་རྟོག་གིས་ཁས་ལེན་དགོས་པས་སོ།།
ལྡོག་ཁྱབ་ཚད་མས་ངེས་པ་ཞིག་དགོས་ཏེ་ལྡོག་ཁྱབ་ཚད་མས་མ་ངེས་ན་སྒྲུབ་བྱེད་འཕེན་མི་ནུས་ཏེ་སྒྲུབ་བྱེད་འཕེན་ཞེས་པ་དེ་རྒོལ་བ་དེ་ཉིད་ལ་ཐལ་འགྱུར་སྟོན་པའི་སྟོབས་ཀྱིས་ལྡོག་པའི་རྟགས་ཀྱི་ཚུལ་གསུམ་སྟོན་ཐུབ་དགོས་པས། ཐལ་འགྱུར་དེས་ཚུལ་གསུམ་སྟོན་ན་ཚད་མས་ངེས་སྟོབས་ཀྱིས་སྟོན་པ་ལས་ཁས་བླངས་ཀྱིས་སྟོན་མི་ནུས་པའི་ཕྱིར་ཏེ།། ཚད་མས་ངེས་པ་ལ་རྣམ་གཅོད་ཡོངས་གཅོད་བྱེད་པ་ཡིན་ལ་ཁས་ལེན་ལ་ཡིན་པ་ཁས་བླངས་ན་མ་ཡིན་པ་སེལ་མི་ནུས་པས་སོ།།  གཞི་གཅིག་བུ་སྐྱེ་བའི་ནུས་ལྡན་དང་ནུས་མེད་གཉིས་ཀ་ཁས་ལེན་པ་ཡོད་པས་སོ།།
ཐལ་བའི་ལྡོག་ཁྱབ་ཚད་མས་ངེས་ན་རྟགས་ཀྱི་རྗེས་ཁྱབ་ངེས་པ་ཡིན་ཏེ་དཔེ་ན་མ་བྱས་པ་མ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པ་ངེས་པས་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་ངེས་པས་ཕྱིར་ཏེ་གཞི་དེ་མ་བྱས་པ་མིན་པར་ངེས་ན་བྱས་པར་ངེས་དགོས་པ་དང་དེ་བྱས་པར་ངེས་ན་མ་བྱས་པ་མ་ཡིན་པར་ངེས་པའི་ཕྱིར་རོ།།
བོན་ཅན་གཞི་གྲུབ་དགོས་ཞེས་པ་དེ་དམ་བཅའ་ལ་ཚད་མས་བསལ་བ་ཡོད་དགོས་པའི་དོན་དང་འབྲེལ་བ་ཆེན་པོ་འདུག་སྟེ། བོན་ཅན་མེད་པ་ལ་ཐལ་བའི་ལྡོག་ཁྱབ་སྟོན་པ་ནས་དམ་བཅའ་ལ་བསལ་བ་མེད་པ་འགྱུར་བ་གཅིག་དང་། བོན་ཅན་མེད་པས་ཕྱོགས་སྟོན་པ་ནས་བསལ་བ་མེད་པར་འགྱུར་བ་གཉིས་ཡོད་དེ།  དང་པོ་ནི་དཔེ་རི་བོང་རྭ་བདག་ཚད་མས་དམིགས་པར་ཐལ་བ་བརྗོད་པ་ལ་བདག་ཡོད་རྟགས་སུ་བཀོད་པའི་ཐལ་འགྱུར་དེ་མི་མཐུན་དཔེ་གང་ཞིག་གི་སྟེང་དུ་བདག་ཚད་མས་མ་དམིག་པ་མ་ཡིན་ན་བདག་ཡོད་མ་ཡིན་པས་ཁྱབ་པ་ངེས་པ་དང་བདག་ཚད་མས་མ་དམིགས་པ་ཡིན་ན་བདག་མེད་ཡིན་པས་ཁྱབ་པ་གཉིས་པོ་གོང་གི་བྱས་མི་རྟག་བཞིན་ངེས་མཉམ་ཡིན་པ་ལྟར་དཔེ་དེ་ཉིད་བདག་མེད་ལུགས་མེད་ཚུལ་ཡང་དག་པ་ངེས་ན་རི་བོང་མགོ་ལ་སྐྱེས་པའི་རྭ་ཅོ་དེ་ཡང་གཏན་མེད་ཡིན་པས་བདག་པོ་བྱེད་ཡ་མེད་པ་ལྷན་གཅིག་ཏུ་ངེས་པ་ཡིན་ནོ།།  བདག་མེད་ཡིན་པ་ཚུལ་མཐུན་ངེས་ན་ཡིན་ལུགས་ཡིན་ཚུལ་གཏན་ལ་ཕབ་ནས་ངེས་དགོས་ལ་རི་བོང་རྭ་བདག་ཡོད་མེད་གཏན་ལ་འབེབ་རྒྱུ་ཕར་ཞོག ཁོ་ངོས་གཟུང་རྒྱུ་མི་རྙེད་པའོ།། དངོས་གནས་བྱས་ན་རི་བོང་རྭ་ལ་བདག་ཡོད་མེད་རྩོད་པ་ནི་སྣེ་གཅིག་དགོས་པ་མེད་དེ་སྒྲུབ་བྱ་བདག་མེད་སྒྲུབ་དགོས་མཁན་ཞིག་ཡིན་ན་རང་ཉིད་ཞེན་ཆགས་ཤོར་ས་འམ་བདག་འཛིན་སྐྱེ་སའི་ཡུལ་དེ་དག་ལ་སྒྲུབ་དགོས་པ་ལས་ཞེན་ཆགས་སྤུ་ཙམ་མི་སྐྱེ་སའི་རི་བོང་རྭ་བདག་མེད་སྒྲུབ་ནས་ཅི་ཞིག་བྱ་བསམ་བསམ་རེད།
ཡིན་ཡང་མཚན་ཉིད་པ་རྣམས་ཀྱིས་མོ་གཤམ་མ་ལ་བུ་མང་ཉུང་དང་རི་བོང་རྭ་ཡི་དབྱིབས་བོང་ཚད་སོགས་ཐག་གཅོད་མི་ཐུབ་ནས་འདི་ལྟར་བཤད་ཡོང་དུས་ལན་ཞིག་མི་རྒྱག་ཐབས་མེད་ཆགས་ཡོང་གི་ཡོད་རེད།
བོན་ཅན་མེད་པའི་ཐལ་བས་རང་རྒྱུད་གྱི་ཕྱོགས་སྟོན་དང་དམ་བཅའ་ལ་ཚད་མས་བསལ་བ་མེད་པ་ནི་རི་བོང་རྭ་བོན་ཅན་བདག་ཚད་མས་དམིགས་པ་ཡིན་པ་ཐལ་བདག་ཡོད་ཡིན་པས་བསལ་ལོ་སྨོན་ན་ཕྱི་རྒོལ་གྱིས་རི་བོང་རྭ་བདག་ཚད་མས་མ་དམིག་པ་ངེས་པ་ནི་ཕྱོགས་དྲན་པ་ཡིན་ལ་དེ་ངེས་ན་བདག་མེད་ངེས་འགྲོ་བས་ཕྱོགས་ངེས་པ་དང་དམ་བཅའ་ལ་བསལ་བ་མེད་པར་འགྱུར་བའོ།།
རིང་བོང་རྭ་དེ་བདག་ཚད་མས་མ་དམིགས་པ་ངེས་ན་བདག་མེད་ངེས་པ་ཡིན་ལ་དེ་བདག་མེད་ངེས་ན་རྟགས་དེའི་བསྒྲུབ་བྱ་གྲུབ་ཟིན་པ་སྨོས་ཅི་དགོས། རྟགས་དེའི་བསྒྲུབ་བྱ་གྲུབ་ན་དམ་བཅའ་ལ་བསལ་བ་མེད་དེ་བསལ་བྱའི་དམ་བཅའ་ལ་བདེན་ཞེན་མེད་པའི་ཕྱིར་ཏེ་ལོག་རྟོག་གི་དམ་བཅའ་དང་དངོས་སུ་འགལ་བའི་ཚད་མ་སྐྱེས་པས་སོ།།  དཔེ་ན་ཉན་ཤེས་མངོན་སུམ་གྱིས་སྒྲ་གཉན་བྱར་ངེས་པས་སྒྲ་གཉན་བྱ་མ་ཡིན་པའི་དམ་བཅའ་ལ་བདེན་ཞེན་མེད་པ་བཞིན་ནོ།།  བོན་ཅན་མེད་པས་སྐྱོན་ནི་དེ་གཉིས་ཡིན་ནོ།།  ཐལ་འགྱུར་དེའི་དམ་བཅའ་ལ་ཚད་མས་བསལ་བ་མེད་ན་རང་རྒྱུད་ཀྱི་ཕྱོགས་མི་ངེས་ཏེ་བསལ་བྱེད་དེ་ཕྱོགས་ངེས་པའི་ཚད་མ་ལ་བཞག་དགོས་པ་དང་དམ་བཅའ་བདེན་ཞེན་དང་བཅས་པའི་ཁས་ལེན་ལ་འཇོག་དགོས་པ་ཡིན་ནོ།།   དམ་བཅའ་ལ་ཚད་མས་བསལ་བ་ཡོད་ཚུལ་ནི་དཔེ་ན་སྒྲ་བོན་ཅན་མ་བྱས་པ་ཡིན་པ་ཐལ་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་མཚོན་ན་ཐལ་འགྱུར་དེས་སྒྲུབ་བྱེད་འཕེན་པ་ཡིན་ན་སྐབས་སུ་བབ་པའི་རྒོལ་བ་དེས་རང་རྒྱུད་ཀྱི་ཕྱོགས་སམ་སྒྲ་བྱས་པ་ཡིན་པ་སྔར་མ་ནས་ངེས་དགོས་ཀྱང་དེས་མི་འདོད་པའི་མ་བྱས་པ་ཐལ་བ་འཕེན་འདོད་པ་རྟག་པ་དེ་རྟགས་སུ་བཀོད་ནས་བསལ་ལོ་ཞེས་བརྗོད་ན་ཁོ་རང་ལ་གང་ཞིག་གོ་རེད་ལབ་ན་སྒྲ་རྟག་པ་ཡིན་ན་སྒྲ་བྱས་པར་ངེས་པ་ཉམས་ཏེ་བསལ་བ་ཡོད་པ་གོ་བས་སྒྲ་བྱས་པར་ངེས་པ་ཡར་དྲན་པའི་ཕྱོགས་དྲན་པ་དང་ཐལ་བ་དེ་ཕྱོགས་མ་དྲན་པ་དྲན་བྱེད་དུ་སོང་ཕྱོགས་ངེས་པའི་ཚད་མས་སྒྲ་བྱས་པར་ངེས་པའི་བྱས་པ་དེ་རྟགས་སུ་བཀོད་ནས་རང་རྒྱུད་ཀྱི་གཏན་ཚིག་འགོད་པ་ན་རྟགས་དེ་བཀོད་པ་ཙམ་གྱིས་དམ་བཅའ་སྒྲ་རྟག་པ་ལ་བདེན་ཞེན་སེལ་ཏེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་ངེས་པ་ཡིན་ནོ།།  དམ་བཅའ་དེ་ཐལ་བ་གཅིག་པུར་བརྗོད་པ་ཙམ་གྱིས་ཚད་མས་དེ་སེལ་མི་ནུས་ཀྱང་ཐལ་བའི་སྐབས་སུ་རང་རྒྱུད་ཀྱི་ཕྱོགས་དང་ཁྱབ་པ་སྔར་ངེས་པ་དེ་རྟགས་ངོ་བོ་གཅིག་པ་དེ་དྲན་པར་བྱེད་པ་དང་།
ཚད་མས་ངེས་པའི་རྟགས་དེ་རྒྱུ་མཚན་དུ་བཀོད་ནས་དགག་བྱ་འགོག་པ་ལ་ཚད་མས་ལོག་རྟོག་གི་དམ་བཅའ་སེལ་བ་ཡིན་ནོ།།  བོན་ཅན་གཞི་མ་གྲུབ་ན་ཐལ་འགྱུར་དེས་སྒྲུབ་བྱེད་མི་འཕེན་པའི་དོན་ནི་རང་རྒྱུད་རྟགས་ཀྱི་ཕྱོགས་མི་འགྲུབ་པའི་དོན་དང་བོན་ཅན་མེད་པས་རྟགས་བོན་ཅན་ལ་མ་གྲུབ་པའི་དོན་ལ་འཇོག་པ་ནི་ཕྱིན་ཅི་ལོག་དུ་སྣང་ངོ་།།
འོ་ན་ཐལ་འགྱུར་དེས་སྒྲུབ་བྱེད་འཕེན་ན་དོན་གང་དང་གང་ཚང་དགོས་ཞེས་ན། རྟགས་ལོག་རྟོག་གིས་ཁས་བླང་། ལྡོག་ཁྱབ་ཚད་མས་ངེས། དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པ་གསུམ་པོས་ཆོག་གོ་སྙམ།
འོ་ན་གོང་དུ་བོན་ཅན་གཞི་གྲུབ་དགོས་གསུང་པ་དེ་མི་དགོས་སམ་ཞེ་ན། དམ་བཅའ་ལ་ཚད་མས་བསལ་བ་ཡོད་ལ་ལྡོག་ཁྱབ་ཚད་མས་ངེས་ན་བོན་ཅན་གཞི་གྲུབ་མི་དགོས་ཏེ་དེ་གཉིས་ཚང་ན་ལྡོག་པའི་ཚུལ་གསུམ་སྟོན་ནུས་པས་སོ།།
ཡང་ན་བོན་ཅན་གཞི་གྲུབ་དགོས་ཞེས་པའི་དོན་དེ་གང་འགྲེལ་ཞེས་ན་བོན་ཅན་མེད་པས་ཕྱོགས་ངེས་ཙམ་ནས་དམ་བཅའ་ལ་ཚད་མས་བསལ་བ་མེད་པར་འགྱུར་བ་དང་བོན་ཅན་མེད་པས་ཁྱབ་པ་ངེས་ཙམ་ནས་ཚད་མས་བསལ་བ་མེད་པར་འགྱུར་བ་གཉིས་ཡོད་པས་དེ་འགོག་ཆེད་ཡིན་ནོ།།
འོ་ན་བོན་ཅན་མེད་པ་ལ་སྒྲུབ་བྱེད་འཕེན་དུ་ཡོད་དམ་ཞེས་ན་ཡོད་དེ། དངོས་སྨྲ་བའི་ངོར་བདེན་གྲུབ་ཀྱི་སྒྲ་བོན་ཅན། མ་བྱས་པ་ཡིན་པ་ཐལ། རྟག་པ་ཡིན་པས་ཕྱིར། ཞེས་པའི་ཐལ་འགྱུར་དེ་སྐབས་བབ་ཕྱི་རྒོལ་དེས་ཁྱབ་པ་ཚད་མ་དང་རྟགས་ཁས་བླངས་དང་དམ་བཅའ་ལ་ཚད་མས་བསལ་བ་ཡོད་པས་ལྡོག་པའི་ཚུལ་གསུམ་སྟོན་ནུས་ཏེ་རྟགས་བདེན་ཞེན་དང་བཅས་པ་ཁས་བླངས་པ་དང་ཕྱོགས་ངེས་པས་ཚད་མས་བསལ་བ་ཡོད་ལ་ལྡོག་ཁྱབ་ངེས་ཏེ་མ་བྱས་པ་མ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པ་ཚད་མས་ངེས་སོ།། ཕྱོགས་ངེས་ཏེ་བདེན་གྲུབ་ཀྱི་སྒྲ་དང་སྒྲ་གཉིས་དབྱེ་རུ་མེད་པ་སྒྲ་བྱས་པ་ངེས་སོ།།  དེའི་ངོར་ལ་བདེན་གྲུབ་ཀྱི་སྒྲ་དང་སྒྲ་གཉིས་ཁྱད་པར་མེད་པ་ང་ཚོ་ལ་ཡོད་པའི་སྒྲ་དང་སྒྲ་གཉིས་བཞིན་ཡིན་ནོ།།
སྒྲུབ་བྱེད་འཕེན་པའི་དོན་ནི་ཐལ་འགྱུར་དེའི་ལྡོག་ལ་ཚུལ་གསུམ་ཡོད་པ་ཙམ་ལ་ལྟ་བ་དང་རྟགས་ཡང་དག་ཡིན་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡོད་པས་ཁྱབ་པར་འདོད་པ་ནི་མགོ་འཁྲུག་པའི་གཞི་རྩ་ཡིན་ནོ།།
སྤྱིར་སྟངས་འཕེན་ཞེས་པ་ནི་བྱེད་འབྲེལ་ལས་ཚིག་ཡིན་པས་ཁྱོད་ཀྱི་འཕེན་པ་ཡོད་ན་བྱ་བ་བྱེད་པ་ཡོད་དགོས་ལ་ཐལ་བས་རང་གི་ལྡོག་པའི་རྟགས་ཀྱི་བྱ་བ་བྱེད་ཚུལ་ནི་ཚུལ་གསུམ་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ།།
བདེན་གྲུབ་ཀྱི་སྒྲ་དང་མེད་པ་འགའ་ཞིག་རྟགས་དེ་ཡིན་པ་ཚད་མས་ངེས་ཀྱང་དམ་བཅའ་བདེན་ཞེན་དང་བཅས་པ་ཡོད་པའི་རིགས་ལ་སྒྲུབ་བྱེད་འཕེན་པ་ཡོད་དེ་ཁྱོད་བདེན་གྲུབ་མཐའ་གཅིག་ཏུ་གཟུང་ནས་ཁྱོད་བྱས་པ་རྟོགས་པ་ཡོད་པས་སོ།།  བདེན་གྲུབ་ཀྱི་སྒྲ་དང་རིང་བོང་རྭ་གཉིས་མེད་པ་གཅིག་མཚུངས་ཡིན་ཀྱང་མེད་པ་རྒྱུ་མཚན་བྱེད་ནས་བདག་མེད་མི་རྟག་ངེས་པ་མི་གཅིག་གོ་སྙམ།  སྒྲ་བདེན་གྲུབ་ནི་བདེན་འཛིན་མ་ལྡོག་བར་མེད་པ་མི་ཤེས་ལ་གཅིག་ཤོས་མེད་པ་ནི་བདེན་མེད་མ་རྟོགས་པའི་མི་ཕལ་པས་རྟོགས་ནུས་སོ།།  བསལ་བ་འབབ་ཚུལ་ནི་རྟགས་ཀྱིས་ཚད་མས་བསལ་བ་དང་ཐལ་བའི་ཚད་མས་བསལ་བ་གཉིས་པོ་འབབ་ས་དམ་བཅའ་གཅིག་འཇོག་དགོས་ལ་བསལ་བྱེད་ཚད་མ་གཅིག་འཇོག་ལ་འབབ་ཚུལ་གོང་དུ་ཞུས་ཟིན་ནོ།།   ཁས་བླངས་རྟགས་ཀྱིས་བསལ་བའི་མཚན་གཞི་ནི་གངས་ཏི་སེ་བོན་གཞུང་རིག་མཛོད་ནང་གི་ཚད་མ་ཀུན་བཏུས་ཤོག་ངོས༢༡༢ལས། བུ་མེད་ཀྱི་དངོས་པོ་འདི་མ་ཡིན་པར་ཁས་བླངས་པ་ན་དེ་འབྲས་བུ་སྐྱེ་བའི་ནུས་ལྡན་དུ་རྒྱུར་དམ་བཅའ་སྐྱོན་མེད་ལ། ཕྱིས་དེ་ཉིད་མོ་གཤམ་ཁས་བླངས་ན་དེའི་འབྲས་བུ་སྐྱེ་བའི་ནུས་མེད་དུ་དམ་བཅས་པ་ན། རང་གི་ངོ་བོ་སྐྱོན་མེད་ཡིན་ཡང་སྔར་གྱི་ཁས་བླང་དང་འགལ་བས་དམ་བཅའ་ལ་བསལ་བའི་སྒོ་གསུམ་གང་གིས་ཀྱང་ལན་མི་ཐེབས་པའོ།།  ཞེས་པའི་དམ་བཅའ་ལ་འགལ་ཚུལ་ནི། དེ་ཉིད་ལས། བུ་སྐྱེས་པའི་ནུས་མེད་དང་མ་ཡང་རྣམ་པ་གསལ་བའི་རྒྱུད་འགལ་ཡིན་པས་སེལ་ནུས་ལ། ཞེས་པའི་དེའི་རྟགས་སྦྱོར་དེ་ངོས་བཟུང་ན། བུ་མེད་ཀྱི་དངོས་འདི་བོན་ཅན། མ་མ་ཡིན་ཏེ། མོ་གཤམ་མ་ཡིན་པའི་ཕྱིར། ཞེས་བཀོད་ན་འགྲིག་གོ།།  
འོ་ན་གོང་དུ་བུ་སྐྱེ་བའི་ནུས་མེད་དང་མ་གཉིས་རྣམ་པ་གསལ་བའི་རྒྱུད་འགལ་གྱི་དགག་བྱ་བཀག་པ་བཤད་པའི་རྟགས་སྦྱོར་དེ་བཀོད་ན་མི་འགྲིག་གོ་སྙམ་ན་མ་ཡིན་ཏེ། བུ་མེད་དངོས་པོ་མོ་གཤམ་ཡིན་པ་ཁས་བླངས་པ་ན་བུ་སྐྱེ་བའི་ནུས་མེད་ཡང་ཁས་བླང་ཡིན་པས་ཆོག་པ་ཡིན་ནོ།།  དེའི་བསལ་བ་འབབ་ལུགས་ནི་སྔ་མའི་དམ་བཅའ་ལ་ཁས་བླང་ཕྱི་མས་བསལ་བ་འབབ་པ་ཡིན་ཏེ། དང་པོ་མ་རུ་ཁས་བླངས་པའི་དོན་ལ་བུ་སྐྱེ་བའི་ནུས་པ་ཡོད་པར་འགྱུར་བ་དང་ཕྱིས་མོ་གཤམ་ཡིན་པ་དམ་བཅས་པའི་དོན་ལ་བུ་སྐྱེ་བའི་ནུས་པ་མེད་པར་འགྱུར་བས་དོན་གྱི་ཁས་ལན་དེ་གཉིས་ཀ་སྐྱོན་མེད་ཡིན་ཡང་ཁས་ལེན་ཕྱི་མ་བདེན་པས་རྟགས་སུ་བཀོད་ལ། སྔ་མ་བསལ་བ་ཡིན་ལ།
ཚད་མས་བསལ་བ་མེད་དེ་ཚད་མས་བསལ་བ་ཡོད་ན་སྔར་རྟགས་དེའི་ཕྱོགས་ངེས་པའི་སྐབས་སུ་བསལ་བྱེད་ཚད་མ་སྐྱེ་དགོས་པས་བུ་མེད་དེ་མོ་གཤམ་ཡིན་པ་ངེས་ན་མ་མ་ཡིན་པར་ངེས་དགོས་ལ། དེ་ལྟར་ངེས་ན་གནོད་བྱ་དམ་བཅའ་ལ་བདེན་ཞེན་མེད་པར་འགྱུར་བའི་ཕྱིར་ཏེ་རྟགས་ཀྱི་རྩ་བའི་བསྒྲུབ་བྱ་གྲུབ་པའི་ཕྱིར་རོ།།
མོ་གཤམ་ཡིན་པར་ངེས་ན་མ་ཡིན་པ་ཁེགས་དགོས་ཏེ་ཁྱོད་གཉིས་རྣམ་པ་གསལ་བའི་རྒྱུད་འགལ་ཡིན་པས་རྣམ་པ་བསལ་བའི་རྒྱུད་འགལ་ཡིན་ན་གཞི་དེ་ཁྱོད་ཡིན་པ་ཚད་མས་ངེས་ན་གཅིག་ཤོས་དེ་ཁེག་དགོས་ཏེ་ཚད་མས་གནོད་པའི་འགལ་བ་ཡིན་པས་སོ།།  རྣམ་པ་གསལ་བའི་རྒྱུད་འགལ་ནི་དབང་པོའི་ངོར་གཅིག་ཤོས་ཚུར་མངོན་སུམ་གསལ་བས་གཅིག་ཤོར་ཕར་ཁེགས་པ་ཙམ་མ་ཡིན་པར་བོན་གང་ཞིག་གཅིག་ཤོས་ཡིན་པ་ཚད་མས་ངེས་པའི་སྟོབས་ཀྱིས་གཅིག་ཤོས་ཡིན་པ་ཚད་མས་བསལ་འགྲོ་བ་ཡོད་དེ་ཚད་མས་གནོད་པའི་འགལ་ཚུལ་དེ་ལ་འཇོག་དགོས་པའི་ཕྱིར་རོ།།   ལེའུ་ལྔ་པའི་སྐབས་སུ་ཕན་ཚུན་སྤང་འགལ་ལ་དངོས་འགལ་དང་དེས་ཁྱད་པར་དུ་བྱས་པའི་རྒྱུད་འགལ་དང་ཁྱད་པར་དུ་མ་བྱས་ཀྱང་རྣམ་པ་གསལ་བའི་རྒྱུད་འགལ་གསུམ་ནི་རྟགས་སུ་མི་འགྱུར་ཏེ་ཚད་མས་གནོད་པའི་འགལ་བ་ཡིན་པས་ཕྱིར་རོ།། ཞེས་ཚད་མས་གནོད་པའི་འགལ་བ་རྒྱུ་མཚན་དུ་བྱས་ནས་རྟགས་སུ་མི་འགྱུར་བར་གསུང་པ་དེ་ལྟར་འདོད་ན་འཁྲུལ་བ་མེད་དོ།། དེ་ལྟར་མ་ཡིན་པ་ཐད་ཀར་ཁས་ལེན་ན་བུ་བསྐྱེད་པའི་ནུས་མེད་དང་མ་ཡང་རྣམ་པ་གསལ་བའི་རྒྱུད་འགལ་ཡིན་པས་སེལ་ནུས་ཞེས་པ་དང་།  རྗེ་རིན་པོ་ཆེས་ཤར་ཕྱོགས་ཀྱི་ཨུད་དཔལ་དམར་པོ་བོན་ཅན་སེར་པོ་མ་ཡིན་ཏེ་དམར་པོ་ཡིན་པས་ཕྱིར་ཞེས་ཕན་ཚུན་སྤང་འགལ་གྱི་དགག་རྟགས་མཚན་གཞི་བཞག་པ་འདི་དག་རྟགས་ཡང་དག་མི་འགྱུར་རོ།།
དེ་དག་དགག་བྱ་ཁས་བླངས་ཀྱིས་བསལ་བ་ཁོ་ན་ལ་རྟགས་ཡང་དག་ཡོད་ཀྱང་དགག་བྱ་ཚད་མས་བསལ་བའི་རྟགས་ཡང་དག་མི་སྲིད་པ་ཡིན་ནོ།། དེ་དག་ལ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་མེད་དེ་ཏི་སེའི་ཀུ་བཏུས་ཤོག་ངོས༢༡༢ལས། བུ་སྐྱེད་པའི་ནུས་མེད་དང་རྣམ་པ་གསལ་བའི་རྒྱུད་འགལ་གྱིས་སེལ་ནུས་ལ། བྱས་པ་དང་རྟག་པ་སེལ་མི་ནུས་པས་ཐལ་བ་གཞན་བཀོད་དགོས་པའོ།། ཞེས་སྒྲ་རྟག་པ་དམ་བཅས་པ་ལ་བསལ་བྱེད་བྱས་པ་རྟགས་སུ་བཀོད་པ་ཙམ་གྱིས་སེལ་མི་ནུས་པར་ད་དུང་ཐལ་བ་བརྗོད་དགོས་པ་ཡིན་ལ། བུ་མེད་ཀྱི་དངོས་པོ་མ་མ་ཡིན་པ་དམ་བཅས་པ་ལ་མོ་གཤམ་གྱི་རྟགས་ཀྱིས་སེལ་ནུས་པས་ཐལ་བ་གཞན་བཀོད་མི་དགོས་པ་དང་བཀོད་ན་དགོས་པ་མེད་པ་བསྟན་པ་ཡིན་ནོ།།
རྟགས་ཡང་དག་ཡིན་ན་རང་རྒྱུད་འཕེན་པའི་ཐལ་འགྱུར་ཡོད་དགོས་པ་དང་ཐལ་བའི་ལྡོག་པ་ལ་ཚུལ་གསུམ་ཚང་བ་ཙམ་གྱིས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་རུ་འདོད་པ་ནི་ནོར་བ་ཡིན་པ་འདི་ལ་བརྟེན་ནས་ཤེས་ཐུབ།
ཤེས་འདོད་བོན་ཅན་གྱི་མཚན་ཉིད་ནི། ཁྱོད་དེ་གྲུབ་ཀྱི་རྩོད་གཞིར་བཟུང་བ་གང་ཞིག་རྟགས་དེ་ཡིན་པ་ཚད་མས་ངེས་བསྒྲུབ་བྱའི་བོན་དེ་ཡིན་མིན་ཤེས་འདོད་ཞུགས་པའི་གང་ཟག་ཡོད་པ་ཙམ་བཞག་ན་གཞུངས་འདིའི་མ་ཁྱབ་པར་འགྱུར་ལ། རྟགས་ཡིན་འགོད་དང་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པ་ཙམ་ལ་བཞག་ན་ད་དུང་མ་ཁྱབ་སྟེ། སྐབས་འདིར་རྩོད་གཞི་རྟགས་དེ་ངེས་པ་ལ་ཡིད་དཔྱོད་ཀྱི་ངེས་པ་དང་ཐ་སྙད་ཁྱད་པར་ངེས་པ་ལ་སོགས་མང་དུ་ཡོད་པའོ།།
གཞུང་ཐམས་ཅད་ནང་ཁས་བླངས་ཀྱིས་བསལ་བ་ཞེས་དེ་ཚད་མས་བསལ་བ་མེད་པ་ཞིག་གོ་དགོས་པ་འདུག་སྟེ། ཚད་མས་བསལ་བ་ཡོད་ན་ཚད་མས་བསལ་བ་འདོད་པ་ལས་ཁས་བླངས་བསལ་བ་ཟེར་དགོས་དོན་མེད་དེ་བསལ་བྱེད་ལ་ཚད་མ་ལས་ལྷག་པ་ཞིག་མི་དགོས་པས་སོ།།  གོང་གི་མོ་གཤམ་རྟགས་སུ་བཀོད་པའི་གཏན་ཚིག་དེའི་ཕྱོགས་མ་ངེས་པར་ཐལ། བོན་ཅན་རྟགས་དེ་ཡིན་པ་ཚད་མས་མ་ངེས་པས་ཕྱིར་ཞེ་ན། ཁྱབ་པ་མ་གྲུབ་སྟེ་ཐ་སྙད་ཙམ་དུ་ངེས་པ་སྟེ་ཁས་ལེན་པས་སོ།།
འོ་ན་སྒྲ་གཉན་བྱ་མ་ཡིན་པ་དམ་བཅས་པ་ལ་ཉན་ཤེས་མངོན་སུམ་གྱིས་བསལ་བ་མ་ཡིན་པར་འགྱུར་ཏེ་དམ་བཅའ་དེ་བསལ་བའི་རྟགས་འགྲོ་ཆོག་པས་སོ་ཞེ་ན་རྟགས་མ་གྲུབ་སྟེ་རྟགས་ཀྱི་བསལ་བྱའི་དམ་བཅའ་ཡིན་ན་བདེན་ཞེན་ཡོད་དགོས་པའི་འདིར་བདེན་ཞེན་མེད་དེ་ལོག་རྟོག་གི་ཁས་ལེན་མ་ཡིན་པར་བློ་གཞན་གྱིས་དམ་བཅས་པ་ཡིན་པར་གསུང་པས་སོ།།  དེ་ལ་གལ་སྲིད་རྟགས་ཞིག་བཀོད་ན་སྒྲ་བོན་ཅན་གཉན་བྱ་ཡིན་ཏེ་ཉན་ཤེས་མངོན་སུམ་གྱིས་མྱོང་བས་ཕྱིར་ཞེས་བརྗོད་ན་སྔ་མའི་མངོན་སུམ་དེ་ཡི་ངེས་ཤེས་དྲངས་པ་ལས་རྗེས་དཔག་གསར་སྐྱེ་མི་སྲིད་དོ།།
བློས་བསལ་ན་ཚད་མས་བསལ་དགོས་པ་ལས་ངེས་ཤེས་བསལ་བ་མི་འདོད་ལ།
ཚད་མས་བསལ་ན་ཚད་མ་དང་སྐྱེ་འགག་དུས་མཉམ་བྱེད་དགོས་པ་ངེས་པ་མེད་དོ་སྙམ།  ཐལ་བའི་ཕྱོགས་སྟོན་ཚུལ་ནི་ཏི་སེའི་ཀུན་བཏུས་ཤོག་ངོས༢༡༩ལས། དུ་བ་བྱས་པ་ལ་མེ་དང་མི་རྟག་པས་ཁྱབ་པ་ངེས་ཤིང་དུ་མེད་བྱས་པར་ཐལ་བ་ལས་བསལ་ལོ་ཞེས་པའི་བར་དུ་མང་དུ་གསུང་པ་དེར་གཟིགས་པར་འཚལ་བ་ལས་འདིར་ཉོབ་པས་མ་བྲིས་སོ།།
གཞུང་དེ་ཉིད་ལས་རྟགས་ཡང་དག་གི་ཚུལ་གསུམ་དང་ལྟོས་གཞི་ཡོངས་རྫོགས་ཚད་མས་ངེས་པ་གཞི་བཞག་ཐོག་གསུང་པ་ནི་སྒྲུབ་བྱེད་འཕེན་པའི་ཐལ་བའི་རང་རྒྱུད་ཀྱི་རྟགས་གཞི་བཞག་གསུང་པ་ཡིན་ན་ཆོག་པ་ལས། རྟགས་ཡང་དག་ཡིན་ཚད་དེར་འདུས་དགོས་ན་དཀའ་བར་འདུག་སྟེ།  ངོ་བོ་མ་ངེས་ཀྱང་ཐ་སྙད་ཁྱད་པར་ངེས་པ་ལ་སོགས་མང་པོ་ཞིག་གསུང་པ་དེ་ཚོ་མཚན་ཉིད་གཅིག་གི་ནང་དུ་བསྡུ་ཐུབ་ས་མ་རེད་ལ། སྐབས་དེ་དུས་ང་ཚོ་ནང་བཞིན་རིགས་ལམ་གཏོང་སྟངས་གུ་དོགས་པོ་དེ་ཙམ་མིན་པ་འདྲ་བོ་རེད།
བསྡུ་མ་ཐུབ་ནའང་ཉེས་པ་མེད་དེ་ཨ་མའི་བུ་ལ་རྩོད་རྒྱུ་ཡོད་ན་དེ་ལྟར་གཞིར་བཞག་བྱེད་ནས་ངེས་པ་ལ་ངེས་པའི་དོན་ཚང་མིན་དང་། ཐ་སྙད་ཁྱད་པར་ངེས་པ་སོགས་དེ་དག་གི་ཚད་གཞི་འགྲིག་མཐུན་རེ་འཇོག་བཅུག་ན་འགལ་བ་ཅི་ཡོད་སྙམ།
སྨྲས་པ།
མངོན་ཤེས་ཤ་ཡི་སྤྱན་ཙམ་མ་ལྡན་པས།།
ལུང་འགལ་དོན་ལོག་གྱུར་རྣམས་བཟོད་པར་གསོལ།
ཕན་བདེའི་ངོ་བོ་དགེ་བ་ཇི་སྲིད་པ།།
ཕ་མ་གཙོས་པའི་འགྲོ་ཀུན་ཡོངས་ལ་བསྔོ།།

  ཅེས་རིགས་པ་སྨྲ་བའི་ཕྱོགས་གྲལ་སུ་གཏོགས་པ་ཁྲ་དགོན་གཡུང་དྲུང་རིན་ཆེན་གང་དེས་རིགས་སྒྲའི་སྐབས་སུ་ཁྱུང་སྟེང་ནོར་གླིང་ནས་བཏབ་པས་ཟིན་ཐོ་རེ་ཞིག་རྫོགས་སོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།