རྩོམ་པ་པོ། བཀའ་བརྟེན་ཀྱི་དཀར་ཆག
ཡིག་ཆའི་རིགས་གྲས། pdf
སྐད་ཡིག བོད་ཡིག
སྤེལ་དུས། 2009-10-17
ངོ་སྤྲོད་མདོར་བསྡུས།
གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དཀར་ཆག་རྒྱས་པ་
སྣང་སྟོན་བློ་གྲོས་སྒོ་འབྱེད་བཞུགས་སོ།
དཔེ་སྐྲུན་གསལ་བཤད།
༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དཀར་ཆག་སྣང་སྟོན་བློ་གྲོས་སྒོ་འབྱེད།༽ཅེས་པའི་དེབ་འདི་༼གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས༽གྱི་དཔེ་ཚོགས་དངོས་དང་ར་སྤྲོད་བྱས་ནས། པོད་གྲངས་དང་། པོད་མིང་། ལེའུ་ཚན་དང་། ལེའུ་ཚན་གྱི་མིང་དང་ཤོག་གྲངས། གཏེར་དང་སྙན་རྒྱུད། མཛད་པོ་གང་ཡིན་གསལ་བྱང་། མཐར་བསྡོམས་ཤོག་གྲངས་བཅས་ཞིབ་བསྒྲིགས་བྱས་པ་དང་གཞན་པའི་གསལ་བཤད་དང་བཅས་པ་སྐབས་ཀྱི་༼དཔེ་ཚོགས་ཕྱོགས་བསྒྲིགས༽ལ་འཇུག་སྒོ་ལྟ་བུ་ཞིག་དམིགས་པ་དོན་མཐུན་ཡོང་རེ་བཅངས་ནས་༼བཀའ་བརྟེན་ལྷན་ཚོགས༽ནས་ཞུས་བསྒྲིགས་གང་ཟབ་བྱས་པ་ཞིག་ཡིན།
སྐབས་འདིར་ཟུར་ཞུ་ཁྱད་པར་བ་ཞིག་ནི་༼བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས༽ ཀྱི་བཀོད་བསྒྲིགས་སྐབས་སུ་སྒྲུབ་སྐོར་གྱི་པོད་རྣམས་ལེའུ་ཚན་གོང་འོག་འཁྲུགས་པ་མང་པོ་ཡོད་པས། དེ་དག་ནི་དཔེ་ཚོགས་བཀོད་བསྒྲིགས་བྱེད་དུས་བྱ་ཐབས་མ་བྱུང་གཞན་དབང་དུ་གྱུར་སྟབས་ལས་བྱུང་བ་སྟེ། དཔེ་ཆའི་མ་དཔེ་གཡར་སྐབས་དུས་མཉམ་མ་བྱུང་བ་དང་། དཔེ་ཚོགས་མང་བ་དང་། བསྒྲིགས་སྐབས་ཀྱི་བྲེལ་ཚུབ་སོགས་ཀྱི་རྐྱེན་པ་མང་དག་གིས་ཆད་འཁྲུགས་ཡོད་ངེས་པ་དང་མཐོང་གསལ་ཅན་གྱི་གོ་རིམ་འཁྲུགས་པ་རྣམས་དེ་ལུགས་ཀྱི་མཁྱེན་ལྡན་རྣམས་ཀྱིས་དཔེ་ཆའི་བེད་སྐྱོད་སྐབས་སུ་གོང་འོག་གང་དགོས་བཀོད་བསྒྲིགས་ཤེས་དགོས་པ་གལ་ཆེ་ཞེས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས།
སྤྱི་ལོ་ ༢༠༠༩ ལོའི་ཟླ ༡༠ ཚེས་ ༡༧ ཉིན།
གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་
ཕྱོགས་བསྒྲིགས་ཀྱི་གནས་བསྡུས་
གསལ་སྟོན་མེ་ལོང་།
༼༡༽ སྨྲ་དབང་ཡོངས་འཛིན་ ༧ བསྟན་རྣམ་རིན་པོ་ཆེའི་གསུང་པ། བདེ་བར་གཤེགས་པའི་གསུང་རབ་ཀྱི་མཛོད་ལ་འཇུག་པའི་སྒོ་བཀའ་བརྟེན་བོད་ཡུལ་དུ་དངོས་སུ་བཞུགས་བྱང་ཞེས་པ་ལས། རིམ་པ་འདི་ལྟར་བརྟེན་འགྱུར་བསྒྲིགས་ནས་སྡེ་ཚན་དང་བཅས་མཁན་ཆེན་ཉི་མའི་དགོངས་པ་ལྟར་བཀོད། ཕྱིས་བྱོན་མཁས་དབང་རྣམས་རང་རང་གི་མཛད་བྱང་རྣམས་ཕྱོགས་གཅིག་ཏུ་བཀོད། བླ་མ་དང་མཁས་པ་གང་དེའི་གསུང་འབུམ་མམ་མཛད་བྱང་གི་སྡེ་ཚན་ཞེས་ཁ་བྱང་བཀོད་ན་གང་ས་ནས་ལེགས་ངོ་འདུག་སྙམ། བསྟན་རྣམ་པས་འདོད་ཚུལ་ལོ། ཞེས་དང་། ཡང་འོད་
ཟེར་སྦྱིན་པས་བཀའ་འདྲི་ཞུས་པའི་ལན་དུ་རིན་པོ་ཆེ་གང་ཉིད་ཀྱི་གསུང་པས་བཀའ་བརྟེན་སྐོར་གྱི་ལེའུ་བཀོད་པ། ༼གཡུང་དྲུང་བོན་གྱི་བཀའ་བརྟེན་སྔ་དར་བོད་བཞུགས་རིན་པོ་ཆེ་༽ཞེས་པ་ལས། གནས་དུས་རྐྱེན་གྱི་དོན་དངོས་ཚོགས། དེང་སྐབས་ཡུལ་དབང་མ་གྱུར་བ། འགོད་འོས་གང་མཆིས་འདིར་གཞུག་འཐད། མ་བཀོད་ལེགས་བཤད་ཟུར་དུ་བཞུགས། ཇི་ལྟར་མཁན་ཆེན་ཉི་བསྟན་གྱིས། བཀོད་པའི་ཐོ་ལས་ཟུར་བཀོད་བྱས། ཕྱིར་དར་ཡིག་ཆ་ཚད་ལྡན་རྣམས། གསུང་འབུམ་ཞེས་ཏེ་ཕྱོགས་གཅིག་བཀོད། ཇི་ལྟར་བྱས་པའི་དོན་འདི་རྣམས། གཤེན་བསྟན་རྣམ་དག་འབྱུང་ཆེད་ཡིན། ཟེར་སྒྲོས་ཙམ་དང་གོ་ཐོས་ལ། ཡིད་གཏད་བྱེད་དེ་འདུག་ཕྱིར་མིན། གཞན་ཡང་སངས་རྒྱས་བསྟན་པ་ནི། རྔ་དྷར་གཏོར་བཟོ་གྱེར་ཙམ་གྱིས། འཛིན་ཐུབ་ཡིན་མིན་མྱོང་བས་གསལ། གླེན་གཏམ་ཨུ་ཚུགས་བཞད་སློང་བྱེད། འདི་ཐོགས་བསམ་སྦྱོར་དཀར་པོའི་དགེས། རྒྱལ་བསྟན་འགྲོ་ཕྱིར་འཕེལ་རྒྱས་དང་།
ཆགས་སྡང་རྨོངས་པའི་དཔུང་ཉམས་ཤིང་། འགྲོ་ཁམས་བདེ་སྐྱིད་ལྡན་ཕྱིར་བསྔོ། ཞེས་པ་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་མཁན་རིན་པོ་ཆེ་ ༧ འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱི་བཞེད་སྐོང་དུ་བསྡུས་ནས་སྤྱན་བསྟར་དུ་ཕུལ། སྨན་རི་བ་བསྟན་རྣམ་པས་ཁྲི་བརྟན་ནོར་བུའི་རྩེར་ཕྱི་ལོ་ ༢༠༠༢ ཟླ་ ༡༡ ཚེས་ ༢༣ ལ། ཞེས་གསུངས་པས། གོང་གསལ་དཔོན་གསས་བླ་མ་དམ་པའི་གསུང་གི་གདམ་དོན་ངོ་ཐོག་ལག་ལེན་བྱ་རྒྱུ་ནི། གཡུང་དྲུང་བོན་གྱི་བཀའ་བརྟེན་རིན་པོ་ཆེ་འཚོལ་བསྡུ་དང་། ཉམས་གསོ། ལེགས་བསྒྲིགས། འཕེལ་རྒྱས། འཛིན་སྐྱོང་བྱེད་པ་བཅས་ཀྱི་ལམ་སྟོན་ཕྱོགས་བསྡོམ་གནང་བའི་མན་ངག་ཀུན་འདུས་ནོར་བུ་ཡིན་པས། འདི་ལ་ཐོག་མར་གདམ་དོན་ངོ་མར་རྟོགས་པའི་ཤེས་རབ་ཀྱིས་གོ་ལོག་མ་སོང་བར་གདམ་དོན་ངོ་ཤེས་པ་དང་། བར་དུ་གདམ་དོན་ལག་ལེན་ཕོད་པའི་སྟོབས་བརྩོན། ཐ་མར་གདམ་དོན་དངོས་སུ་སྒྲུབ་པའི་མཐུན་རྐྱེན་ལ་རྒྱབ་བརྟེན་བྱས་ཞིང་འགལ་རྐྱེན་གཟུར་བའི་གནད་གསང་གི་རིམ་པ་བགྲོད་པའི་འབད་པ་ལྷུར་ལེན་དང་། དེ་ཡི་བཀའ་བ་ཐུབ་པའི་ཚ་སྐྱུར་གྱི་མྱོང་བ། ངོ་མར་ཤ་ཐོག་རུས་ཐོག་ལ་སྦྱར་བས། དོན་དངོས་མིག་མཐོང་ལག་ཟིན་གྱི་འབྲས་བུ་ཐོབ་དགོས་པ་མ་གཏོགས། ལྟོ་བདེ་རབ་དགྱེས་ཀྱིས་ག་ལ་ཡིན་ཏེ་མ་ཡིན་ནོ། །བླ་མ་དམ་པའི་གདམ་དོན་ཀུན་འདུས་ནོར་བུ་དེ་ལ་གོ་དོན་ངོ་བོའི་དབྱེ་བ་གཉིས་སུ་བསྟན་ཏེ། གཡུང་དྲུང་བོན་གྱི་བཀའ་བརྟེན་སྔ་དར་སྐོར་དང་། ཕྱིར་དར་མཁས་པའི་གསུང་འབུམ་ཞེས་ཕྱོགས་གཉིས་སུ་དབྱེ་བ་གནང་ཡོད་པས། དེ་གཉིས་ལས་དང་པོ་ལ་དམིགས་བྱ་གཙོ་བོར་བྱས་ཐོག །དགོས་པ་སྐབས་བསྟུན་གྱི་དཔེ་ཚོགས་དཀྱུས་གཅིག་བྱས་པའི་པོད་གྲངས་༼༡༡༠༽ཅན་གྱི་དཔེ་ཚོགས་འདི་ལ། དོན་མཐུན་དགོས་དབང་ཅི་རིགས་གྱི་མདོ་དོན་ཚང་བའི་མཚོན་མིང་《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》ཅེས་པ་ལྷན་ཚོགས་མཉམ་གྲོས་བྱས་ཏེ་འཆམ་མཐུས་བྱུང་ནས་བཏགས་སོ། །པོད་གྲངས་༼༡༡༠༽ཡིས་གཏན་ཁེལ་བྱས་པ་ནི། དཔེ་ཆའི་བརྗོད་བྱ་དང་བརྗོད་བྱེད་ཀྱི་ཁྱད་པར། གཞན་པའི་དགོས་དབང་སོགས་ཀྱིས་ཚད་གཞི་བྱས་པ་མ་ཡིན་པར་གཡུང་དྲུང་བོན་གྱི་བཀའ་བརྟེན་སྔ་དར་སྐོར་དང་དགོས་དབང་གི་ཟུར་རྒྱན་བྱས་པའི་དཔེ་ཚོགས་ཀྱི་མ་དཔེ་གང་འབྱོར་བསྡུ་རུབ་བྱས་རྗེས་དཔར་ཁང་གི་དོ་བདག་དང་འབྲེལ་བ་བྱས་ཏེ་དཔར་སྐྲུན་བྱས་ན་འགྲོ་གྲོན་ག་ཚོད་འགྲོ་མིན་ཞིབ་འདྲི་བྱས་མཐར་དཔལ་འབྱོར་འཁོས་ཀའི་འབྱོར་ཚོད་བསྟུན་ཐོག་བབ་འོས་ཀྱིས་ཐག་ཆོད་པའི་གྲངས་གཏན་ཁེལ་བ་ཞིག་རེད། དེས་ན་ད་ལན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་པོད་གྲངས་ ༡༡༠ ཅན་འདི་ཙམ་གྲུབ་པ་ནི། གཙོ་བསྒྲིགས་པ་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་རིན་པོ་ཆེ་ ༧ འོད་ཟེར་སྦྱིན་པས་གཙོ་སྐྱོང་གནང་སྟེ་སྤྱི་ལོ་ ༢༠༠༦ ནས་གཟུང་ལོ་ངོ་ ༤ རིང་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་ལས་སྣེ་ཡོངས་དང་།
ལྷ་སྡེ་དད་ལྡན་གྱི་རྒྱུ་སྦྱོར་བ་བཅས་གོང་འོག་བར་གསུམ་རང་རང་གི་ནུས་ཚོད་ཀྱི་ཚོགས་བསགས་ཐུན་མོངས་མཉམ་སྒྲིལ་ཆེན་པོའི་འབད་པ་ལས་གྲུབ་པ་ཞིག་ཡིན།
༼ ༢ ༽ རྒྱལ་ཁབ་ཀྱི་ཆོག་མཆན་འོག་དཔར་སྐྲུན་བྱས་པ་སྟེ། ཁྱུང་པོ་སྟེང་ཆེན་དགོན་པའི་མཁན་རིན་པོ་ཆེ་ ༧ འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གི་སྔར་སོར་ནས་དགོངས་གཞི་ཆེན་པོའི་ཐུགས་འདུན་ཡོད་ལྟར། གཡུང་དྲུང་བོན་གྱི་བླ་སྤྲུལ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་རེ་བསྐུལ་བྱས་དོན་སྒྲུབ་པའི་རིམ་པ་འདི་ལྟར། གཡུང་དྲུང་རྒྱལ་བ། གཤེན་སྲས་ནོར་བུ་དབང་རྒྱལ། ཟླ་སྤྲུལ་རིན་ཆེན་ཕུན་ཚོགས། སྨོན་རྒྱལ་ཀུན་གྲོལ་ལྷ་སྲས། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ། ཐར་སྡེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། རྩེ་དྲུག་བླ་མ་བསྟན་འཛིན་འོད་ཟེར་དང་། ཚུལ་ཁྲིམས་རབ་རྒྱས། དགོན་ཆེན་མཁན་གྲུབ་ཉི་མ། རྒྱལ་རི་ཡེ་ཤེས་ཐབས་མཁས། ཚ་རོང་ཚུལ་ཁྲིམས་རྣམ་དག །ཁྲ་དགོན་བསམ་གཏན་ཚུལ་ཁྲིམས། སྡེ་དགེ་སྤྲུལ་སྐུ་ཡེ་ཤེས་ཉི་མ། བླ་མ་འཆི་མེད་རིག་འཛིན། སྨོན་རྒྱལ་ནམ་མཁའ་དབང་ལྡན། བླ་མ་ཚེ་དབང་སྟོབས་རྒྱལ། བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས། རྒྱས་ཤོད་བླ་མ་རྨེའུ་ཐུགས་དགའ། ཞུ་བླ་ཡོན་ཏན་རྒྱ་མཚོ། སྤ་ཚང་བསྟན་པའི་ཉི་མ། ཧོར་དྲུག་ཅུའི་བསྟན་པའི་རྒྱལ་མཚན། ཆབ་མདོ་བླ་མ་ཚུལ་ཁྲིམས་ནོར་བུ་བཅས། གཡུང་དྲུང་བོན་གྱི་བླ་སྤྲུལ་འདི་རྣམས་ལ། བཀའ་འདྲི་དང་སྙན་གསོལ་ཕུལ་བས། ཕྱོགས་སྟོན་གནང་བའི་ལེགས་ཆ་བསྡུས་རྗེས། སྟེང་ཆེན་རྫོང་མི་རིགས་ཆོས་དོན་ཅུད་དང་། ཆབ་མདོ་ས་ཁུལ་ཆོས་དོན་ཅུད། ནང་བསྟན་མཐུན་ཚོགས་བཅས་རིམ་པའི་ཆོག་མཆན་ཞུས་དོན་བཞིན་ཐོབ། དེ་རྗེས་བོན་ལྗོངས་དང་། མཚོ་སྔོན། པེ་ཅིང་། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་ཁག་གི་དཔེ་སྐྲུན་ཁང་དང་། བཀའ་འདྲི་དང་ཞིབ་བསྡུར་བྱས་མཐར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་། ཁྲིན་ཏུའུ་ཁྲི་ལོ་ཚོན་དཔར་འགན་ལེན་ཚད་ཡོད་ཀུང་སི། ཁྱུང་པོ་སྟེང་ཆེན་དགོན་བཅས་ཕྱོགས་གསུམ་གྱི་གྲོས་ཆོད་གན་རྒྱ་སྤྱི་ལོ་ ༢༠༠༨ ཟླ་ ༧ པའི་ཚེས་ ༡ ཉིན་བཞག་པར་བརྟེན། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་ཕྱོགས་བསྒྲིགས་ཁང་ནས་མ་རྩ་འགྲོ་གྲོན་ཆ་ཚང་གཏོང་སྟེ། དཔར་འདེབས་དང་འགྲིམས་སྤེལ་ཆོག་པའི་ལམ་ལུགས་ཚད་ལྡན་ཅན་དུ་གྱུར། འདིའི་ལས་དོན་འགོ་ཚུགས་ནས་སྤྱི་ལོ་༢༠༠༧ནང་ཚུན་དཔར་སྐྲུན་ཡོངས་རྫོགས་ཚར་རྒྱུའི་གསལ་བསྒྲགས་བྱས་ནའང་སྤྱི་ལོ་ ༢༠༠༩ ལོ་སྟོད་བར་དངོས་སུ་ཐོན་མ་ཐུབ་པ་ནི། མཐུན་རྐྱེན་དང་གྲ་བསྒྲིགས་སོགས་གོ་རིམ་མང་པོའི་དོན་ལ་ཡོ་བྱད་རྒྱུ་སྦྱོར་དང་བརྩོན་པའི་ལུས་རྩོལ་ཅི་རིགས་ཀྱི་ངལ་བ་བྱས་པའི་གོ་སྐབས་སྟབས་བསྟུན་གྱི་དུས་ཀྱི་འཁོར་མཚམས་གང་བབ་ལས་ཐོན་དགོས་པ་མ་གཏོགས། གང་དྲན་དྲན་གྱིས་ཆོག་ཆོག་རྩ་བ་ནས་མི་འདུག །ས་བོན་སྐྱ་བོའི་འབྲས་བུ་ལ། ཟླ་དྲུག་སྔོན་ནས་ཟ་མ་རྔམ། ཟེར་བ་ལྟར་བྱུང་། དེ་དག་ནི་གཡོ་སྒྱུ་དང་ཟོག་བཤད་གང་ཡང་མིན་པ་ནི་གོང་གསལ་གྱི་གོ་རིམ་ལྡན་པའི་རྒྱུ་མཚན་ཁག་གི་གསལ་བཤད་ཡོང་བར་སྙམ། རྒྱུ་མཚན་མེད་པའི་འཁྱལ་གཏམ་དང་འཁྱོགས་བཤད་ཀྱི་ཟེར་སྒྲོས་ཏེ། འདིའི་ཐད་དཔལ་འབྱོར་ཁོ་ནའི་འདུ་འགོད་དང་། ཚོང་ལས་ཁོ་ནའི་གོ་སྐབས་ཀྱི་ར་བ་སྐྲུན་ཚུལ། ཚད་ལས་བརྒལ་བའི་ཚོང་གི་ཁེ་སྤོགས་ཤིན་ཏུ་ཆེ་ཚུལ་དང་དེ་དང་དེས་མཚོན་པས་ཚུལ་མིན་མང་དག་ཞིག་གི་དབྱེ་བཀྲོལ་གོང་གསལ་རྒྱུ་མཚན་ལྡན་པའི་གསལ་བཤད་ཐུབ་ངེས་ཡིན་ཀྱང་། རྒྱུ་མཚན་ཡང་དག་གི་གསལ་བཤད་ལ་སྙན་གསན་མི་མཛད་པ་རྣམས་གཏང་སྙོམས་དུ་འཇོག་པ་ལས་གཞན་པའི་བྱ་ཐབས་ཅི་ཡང་མི་འདུག་སྟེ། མངོན་གྱུར་རྟགས་ཀྱིས་བདེན་པའི་ངོ་སྤྲོད་ཀྱང་། ངམ་གནག་བཞིན་གྱི་གཉེར་མ་མི་སངས་པར། མདོར་ན་ཕྲག་དོགས་ཅན་གྱི་སྐྱེ་བོ་ཡི། དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། ཅེས་པ་ཅིས་མི་བདེན། དེ་འདྲའི་ལབ་གླེང་གི་གཏམ་ཕྱོགས་འབྱུང་གཞི་ད་ལན་བཀའ་བརྟེན་ལྷན་ཚོགས་ཀྱི་ལས་དོན་ཐད་ཡིན་པར་སྲིད་ནའང་། རྒྱུ་རྐྱེན་ཕུན་སུམ་མ་ཚོགས་པར་བསྟན་པའི་ཆ་རྐྱེན་གྱི་དངོས་པོ་གང་འདྲ་ཞིག་རང་བྱུང་དུ་འབྱུང་ངམ། མདོར་ན། ཁ་སྟོང་གི་སྐྱབས་འགྲོ་དང་། ལག་སྟོང་གི་ཕྱག་རྒྱ་བྱས་པ་ཙམ་གྱིས་ལུང་རྟོགས་གཉིས་ཀྱི་བསྡུས་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་འབྱུང་མིན་ངེས་པར་དུ་བསམ་ཤེས་དགོས་པར་འདུག་ལགས།
༼ ༣ ༽ བཀའ་བརྟེན་ལྷན་ཚོགས། བློ་འདྲི་ཡུལ། ༧ སློབ་དཔོན་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ། གཡུང་དྲུང་རྒྱལ་བ། ཟླ་སྤྲུལ་རིན་ཆེན་ཕུན་ཚོགས། གཙོ་བསྒྲིགས་པ། ༧ འོད་ཟེར་སྦྱིན་པ་ཕུན་ཚོགས། གཙོ་བསྒྲིགས་གཞོན་པ། འཆི་མེད་གཡུང་དྲུང་། ཁ་ལ་གཙུག་གཤེན་རྣམ་རྒྱལ། ཞུས་དག་པ། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན། མ་བཟའ་དགེ་བཤེས་ཕར་ཕྱིན་བདེ་མཆོག །གཙུག་གཤེན་དོན་འགྲུབ། ཚུལ་ཁྲིམས་འབྱུང་གནས། བསྟན་འཛིན་དགེ་འདུན། ཤེས་རབ་འབྲུག་གྲགས། བཀྲ་ཤིས་སྦྱིན་པ། སྙིང་རྗེ་བསྟན་འཛིན། བློ་གྲོས་དབང་ཕྱུག །ཚུལ་ཁྲིམས་རིན་ཆེན། མཁན་པོ་ཚེ་བརྟན། རྩིས་འཁོར་བ། ཁ་བཙུན་ཡེ་ཤེས་ཚེ་རིང་།
བླ་ཆུང་ཀུན་བཟང་རྒྱལ་མཚན། རྒྱ་བོ་ནམ་མཁའ་བློ་གྲོས། རྨ་རོང་ཚུལ་ཁྲིམས་འགྱུར་མེད། ཧོར་རུ་སྨོན་ལམ་རབ་རྒྱས། ནག་ཚ་བསོད་ནམས་སྦྱིན་པ། སྟག་ཚང་ཚུལ་ཁྲིམས་གཡུང་དྲུང་། ཚུལ་ཁྲིམས་བཟང་མོ། བསམ་གཏན་བཟང་མོ། ཧོར་རུ་སྒྲིབ་སྦྱང་བཟང་མོ། ཚུལ་ཁྲིམས་ཚེ་འཛིན། ཚུལ་ཁྲིམས་དབང་མོ། ཡི་གེ་འབྲི་མཁན། སྨོན་ལམ་གཙུག་ཕུད། བསམ་གཏན་འགྱུར་མེད། ལྷ་སྒང་། ཀོང་ཐུང་ནོར་བུ། ནོར་བུ་ཕྱུག་འཕེལ། ཟླ་བ་དོན་འགྲུབ། འཇིག་གྲགས། བརྩོན་འགྲུས་རྒྱལ་མཚན། སྲི་ཐར། ཆོས་འགྲུབ། རྣམ་དག །ནོར་དགེ། རིས་ཚ་རལ་བུ། རིག་འཛིན་དབང་གྲགས། ཆུང་རྒྱུད་ཚེ་དབང་མཐར་ཕྱིན། གལ་ཆེའི་མཐུན་སྦྱོར་མཁན། བ་འགོ་དགེ་བཤེས་བཟོད་པ་འགྱུར་མེད། ཚེ་རིང་དཔལ་རྒྱལ། མེ་ཉག་ཤེས་རབ་རྣམ་དག །བླ་མ་ཚེ་དབང་སྟོབས་རྒྱལ། དགེ་རྒན་རིན་ཆེན་དོན་འགྲུབ། ག་གཟི་གཡང་འབུམ། བླ་མ་གཡུང་དྲུང་གཙུག་ཕུད། སྤ་ཟླ་ཚུལ་ཁྲིམས་རྒྱལ་མཚན། ག་ཐ་དགའ་ཚོགས། ནག་ཚ་བསོད་ནམས་དཔལ་མོ། ཚེ་ཐར་རྡོ་རྗེ། ཚ་རོང་གཡུང་དྲུང་ཉི་མ། དགེ་རྒན་ཁྱུང་རྒྱས།
༼ ༤ ༽ ཡིག་གཟུགས་ནི་སྒྲུབ་སྐོར་རྣམས་སྔར་ཡོད་མ་དཔེ་དག་གྲས་དང་། བྲིས་གཟུགས་ཡག་ཤོས་དང་གསལ་ཤོས་རྣམས་རང་འཇགས་བྱས། རུལ་བ་དང་། བྲིས་གཟུགས་མི་ལེགས་པ། ཡིག་འབྲུ་མི་གསལ་བ། ལེའུ་ཚན་ཆད་པ་བཅས་གསར་དུ་ལག་བྲིས་བྱས་ནས་བཞེངས། འགྲེལ་གྱི་སྐོར་གློག་ཀླད་དུ་བསྒྲིགས་པ་བཅས་བྱས་ནས་དཔར་གཞི་གསལ་ཐོན་གང་ཡོང་བྱས་པ་ཡིན།
༼ ༥ ༽ ཞུས་དག་སྐོར། སྔར་ཡོད་མ་དཔེ་སོར་བཞག་བྱས་ཐོག་གང་བྱུང་གིས་བཅོས་བསྒྱུར་མ་བྱས་པར་ཤེས་ཚོད་ཀྱིས་པར་གཞིའི་མ་དཔེ་ཞིབ་བསྡུར་བྱས་པ་སོགས་ཞུས་བསྒྲིགས་བྱས་ཞིང་། ཁྲིང་ཏུའུ་པར་འདེབས་བཟོ་གྲྭ་རང་དུ་བཀའ་བརྟེན་ལྷན་ཚོགས་ཀྱི་མི་གྲངས་བདུན་གྱིས་ཉིན་མཚན་བར་མེད་དུ། བཟོ་གྲྭའི་ལས་མི་ཡོངས་དང་མཉམ་ལས་ཀྱིས་མཐར་ཐོན་བར་པར་གཞིའི་མ་རྩ་གཙང་བཟོ་དང་། སྣག་ཤོག་གི་སྤུས་ཚད་ཞིབ་གཤེར། ཆད་འཁྲུག་ཡོ་བཅོས་སོགས། གང་ཡོང་ཅི་ཡོང་གིས་སྤུས་ཚད་བཟབས་པའི་ངལ་བ་ཆེན་པོ་བྱས་ཀྱང་གན་རྒྱ་ལྟར་ཡང་རབ་ཀྱི་སྣག་ཤོག་སོགས་སྤུས་ཚད་བསམ་ཚོད་ལྟར་མ་བྱུང་བ་བྱ་ཐབས་ཅི་ཡང་མི་འདུག །ད་དུང་མ་རྟོགས་དབང་དང་ཆད་ལུས་སོགས་ཡོད་ངེས་པ་སྟེ། སྤྱི་ལོ་ ༢༠༠༠ ཡར་སྔོན་ལོ་ངོ་ལྔ་བརྒྱ་ལྷག་ནས་གངས་ཅན་བོད་ཀྱི་ཡུལ་དུ་པར་ཁང་དང་དཔེ་གཞི་ལེགས་བསྒྲིགས་བཅས་བྱས་ཟིན་ནའང་གཡུང་དྲུང་བོན་གྱི་དཔེ་གཞི་བསྡུ་བསྒྲིགས་བྱེད་པའི་གོ་སྐབས་ཀྱི་ཁོ་ཡུག་དེ་ཙམ་བྱུང་མེད་པས་རང་ཅག་གི་ཉམས་མྱོང་དང་ལག་ལེན་སོགས་ལ་མིག་ལྟོས་ལེན་གཞི་དཀོན་པས་གོམ་ཁ་གསར་དུ་ཡིན་པ་དང་། སྒོས་སུ་ངེད་ཞུས་དག་པ་ཚོ་ཡང་མཁྱེན་དཔྱོད་རབ་འབྱམས་པ་མིན་ཁར་འདིའི་ཐད་མཐུན་རྐྱེན་ཉུང་ལ་འགལ་རྐྱེན་མང་བའི་རྐྱེན་སོགས་ཀྱིས་བྲེལ་ཚུབ་ཀྱིས་གསེང་དུ་བསམ་ཚོད་ཀྱི་དལ་བརླིང་འགྲིག་པོ་རང་མ་བྱུང་བས། ཕྱོགས་གང་སའི་ཁོ་ཡུག་དང་གནས་སྟངས་ཚད་ལས་བརྒལ་བའི་ལེགས་ཆ་ཞིག་ཐོན་ཐབས་མེད་པས་དེ་ལུགས་ཀྱིས་རྗེས་སུ་གཟིགས་མཁན་རྣམས་པས་དགེ་སྐྱོན་ཐད་ཡོ་བསྲང་ཡོང་བའི་རེ་བསུ་ཞུ་བའི་དུང་སེམས་ལྷང་ངེར་ཡོད་ལ་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་ཞབས་ཞུའི་ཞིང་སར་ད་ལན་བསོད་ནམས་ཅུང་ཙམ་བསགས་རྒྱུ་བྱུང་བའི་དགའ་ཚོར་གྱི་སྤྲོ་རངས་ཀྱང་དེ་བས་ཆེ་བ་བྱེད་ཀྱིན་ལས་དོན་འདིའི་མཐའ་བསྡུ་བྱས་པ་ཡིན།
༼ ༦ ༽ དགོས་པ་སྐབས་བསྟུན་གྱི་དཔེ་ཚོགས་ཟུར་རྒྱན་བྱས་པ་ཕུད། ཕྱི་དར་མཁས་པའི་གསུང་འབུམ་ ༧ རྒྱལ་བ་མཉམ་མེད་ཆེན་པོའི་གསུམ་འབུམ་མཚོན་པའི་བྲུ་ཞུ་སྤ་རྨེའི་མཁས་གྲུབ་རྣམས་ཀྱི་གསུང་དང་། ༧ རིག་འཛིན་ཀུན་གྲོལ་གྱི་གསུང་འབུམ་མཚོན་པའི་གཏེར་སྙན་མངའ་བའི་སྐྱེས་ཆེན་ཁག་གི་གསུང་དང་། ༧ གྲུབ་དབང་ཤར་རྫ་པའི་གསུང་འབུམ་མཚོན་པའི་གྲུབ་པ་བརྙེས་པའི་རྣལ་འབྱོར་རྣམས་ཀྱི་གསུང་འབུམ་བཅས་ད་ལན་མཐུན་རྐྱེན་དང་གོ་སྐབས་ཀྱི་དབང་གིས་བསྡུ་བསྒྲིགས་དང་དཔེ་འཚོལ་བྱ་བའི་གོ་སྐབས་མ་བྱུང་བས་རྗེས་སུ་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་གང་ཞིག་གིས་གཙོ་སྐྱོང་དང་། དད་ལྡན་འབྱོར་ཡོད་རྒྱུ་སྦྱོར་བ་གང་ཞིག་དང་། ལྷ་སྡེའི་མཐུན་རྐྱེན་མཉམ་སྦྱོར་ལས་ཕྱི་དར་མཁས་པའི་གསུང་འབུམ་ཁག་རིམ་བཞིན་འཚོལ་བསྡུ་དང་། ཉམས་གསོ། ལེགས་བསྒྲིགས། འཕེལ་རྒྱས། འཛིན་སྐྱོང་གི་བྱས་པ་འཇོག་རྒྱུའི་དགོས་གལ་ཤིན་ཏུ་ཆེ་བས་དེ་ལུགས་ཀྱི་ཕྱོགས་སྟོན་སྔོན་བརྡ་གཏོང་ཞིང་། བྱ་འཆར་ལམ་ལྷོངས་འབྱུང་བའི་མཐར་སྨོན་དཀར་པོས་མཚམས་སྦྱོར་ཞུ།
༼ ༧ ༽ གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་མཐུན་སྦྱོར་ལྷ་སྡེ་མི་དམངས་རྣམས་ཀྱིས་དད་རྫས་ཞལ་འདེབས་ཕུལ་བའི་སྒོར་བཅུ་ཙམ་ཡང་དོན་མེད་ཆུད་ཟོས་མ་སོང་བར་ད་ལན་གྱི་གསུང་རབ་དག་སྤེལ་གྱི་ཞིང་སར་སོང་ཡོད་ལ། དམིགས་གསལ་ཡོན་སྦྱོར་སོ་སོ་བའི་དགོས་འདུན་ལྟར་པོད་འདི་དང་ཡོན་བདག་འདི་ཞེས་བྲེལ་ཟིང་དབང་གིས་ཁ་གསལ་བཀོད་རྒྱུ་མ་བྱུང་ཡང་། སྒོར་ཆིག་སྟོང་ཡན་ཆོད་ཀྱི་སྦྱིན་བདག་སོ་སོའི་མཚན་སོགས་གཤམ་གསལ་ལྟར་ཡིན་འདི་འགོད་འོས་པའི་སྦྱིན་བདག་གི་མཚན་བཀོད་ཐད་ཆད་འཁྲུག་ཡོད་སྲིད་ཀྱང་དོན་ཐོག་བསོད་ནམས་ཀྱི་འབྲས་བུ་སྨིན་པ་ལ་ཆད་འཁྲུག་ཡོང་མི་སྲིད་པས་དེ་ལུགས་ཀྱི་ཞུ་བ་སྟེ། ཞུ་ལུགས་ནོར་ཡང་གོ་ལུགས་མ་ནོར་བ་ཞེས་པའི་དཔེ་ལྟར་ཡོང་བར་ཞུ།
བསྟན་དོན་བྱས་པའི་རི་མོ་བཀྲ་གཟུགས་ཅན།
བསྟན་མཐོང་མིག་ལྡན་མི་ལ་མཛེས་གྱུར་ན།
བསྟན་སྐྱོང་ལྷ་སྲུང་དབྱིངས་ནས་དགྱེས་དང་དགྱེས།
བསྟན་མི་བསམ་པའི་ལོང་རྒན་ཕྱེ་ལ་ཉེ།
ཞེས་ཀྱང་ར་མ་ཀུན་རྒྱན་པས་སྨྲས་སོ།།
འབྱུང་ལྡན་ ༣༠༡ མེ་སྤྲེལ་ལོའི་ཧོར་ཟླ་ ༤ པའི་ཚེས་ ༦ སྟེ། སྤྱི་ལོ་ 2016 ཟླ་ 5 པའི་ཚེས་ 12 གཟའ་སྐར་དགེ་བའི་ཉིན་ཁྲིང་ཏུའུ་ནས་པར་ཐེངས་གཉིས་པ་དཔར།
ཐོབ་སྐར། : ![]()
གཟིགས་ཐེངས: