༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 2 སྙན་རྩོམ།
2 སྙན་རྩོམ།
དྲིན་ཆེན་ཕ་མ་བཞུད་པའི་ཤུལ། མི་བརྗེད་དམ་བཅའ་ཆེན་མོ་བཞུགས།
[ཟླ་ཚེས།:2017-06-20] [གཟིགས་ཐེངས:]


དྲིན་ཆེན་ཕ་མ་བཞུད་པའི་ཤུལ།  མི་བརྗེད་དམ་བཅའ་ཆེན་མོ་བཞུགས།


རྩོམ་པ་པོ།       རྔུལ་ཚའི་བུ་ཕྲུག

འདྲེན་མཆོག་རྩ་བརྒྱུད་བླ་མ་དང་།  ཡིད་དམ་མཁའ་འགྲོ་བོན་སྐྱོང་བཅས།
སྤྱི་གཙུག་གཞའ་འོད་གུར་ཁྱིམ་ནང་།  བཞུགས་ནས་བྱིན་གྱིས་རློབས་དུ་གསོལ།

སྔོན་འབྲེལ་ལས་ཀྱི་ནུས་མཐུ་ཡིས།  སྐྱེས་ལུས་གཅིག་ལ་རྟེན་འབྲེལ་སྨིན།
དགེ་ལྡན་ཕ་མའི་ཕུགས་འདུན་བཞིན།  འཕྲུལ་ངག་བོན་ལ་ཚེ་སྐྱེལ་ལགས།

བདག་ལུས་ཕྱག་སྐོར་མཆོད་འབུལ་དང་།  འགྲོ་ཀུན་ཕན་བདེ་གང་འགྲུབ་དང་།
སངས་རྒྱས་བསྟན་པར་ཞབས་སུ་སོགས།  བསྒྲུབ་པའི་དམ་བཅའ་བཞག་པ་ལགས།

རང་ངག་གསུང་རབ་ཀློག་འདོད་དང་།  ཟླས་བརྗོད་གཞན་རྒྱུད་དགེ་བསྐུལ་དང་།
ལུང་བོན་དག་བཞེངས་བྱི་དོར་སོགས།  གྱེར་དབྱངས་དམ་བཅའ་བཞག་པ་ལགས།

བདག་ཡིད་སྐྱབས་སེམས་རྩ་བ་བརྟན།  ལུང་རྟོགས་བོན་ལ་དཔྱད་འཇོག་གིས།
མདོ་སྔགས་རྫོགས་ཆེན་ལྟ་བའི་མཐིལ།  བསྒོམ་པའི་དམ་བཅའ་བཞག་པ་ལགས།

མདོར་ན་བུ་ངས་ལུས་སེམས་ཀྱི།  འབྲེལ་ཐག་མ་ཆད་བར་དུ་ཡང་།
བསླབ་སྡོམ་དམ་ཚིག་བསྲུང་བཞིན་དུ།  དགེ་སྦྱོར་འབྲལ་མེད་བརྩོན་པ་ལགས།

དང་པོ་ཚེ་ལུས་སྦྱིན་པ་ནས།  གཉིས་པ་བོན་སྒོར་བཙུད་པ་སོགས།

ཕ་མས་ཅི་ལྟར་ལས་བསྐོས་བཞིན།  བུ་ངའི་སེམས་ལ་བསྙེལ་མེད་ལགས།

མི་རྟག་ཆེན་པོས་སྣོད་བཅུད་ཀུན།  བརླག་ནས་འཚོ་ཐབས་མེད་པ་ལ།
བསམ་ནས་ཡུལ་མཁར་ཟས་ནོར་ལུས།  བུ་གཉེན་མ་ཆགས་བདེར་བཞུད་ལགས།

རྒྱལ་ཁམས་ནད་མུག་མི་འབྱུང་ཞིང་།  སྐྱེ་འགྲོ་བདེ་སྐྱིད་ཀུན་ལྡན་ཏེ།
བསྟན་དང་བསྟན་འཛིན་འཕེལ་ཕྱིར་དུ།  སྨོན་ལམ་ཕུལ་ནས་བདེར་བཞུད་ལགས།

བཀའ་དྲིན་འཁོར་མེད་ཕ་མ་གཉིས།  འཇིག་རྟེན་འཁྲུལ་པའི་སྣང་བ་ལ།
ཆགས་ཞེན་འཛིན་མེད་རང་རིག་ཀློང་།  མ་བཅོས་བདེ་ཆེན་ཞིང་བཞུད་ལགས།

ཡང་གཅིག་གསོན་དང་ཕ་མ་གཉིས།  འདྲེན་པའི་སློབ་དཔོན་གདམས་ངག་དེ།
སྙིང་ནས་ཉམས་སུ་ལེན་དང་ལྷན།  གཤེན་ལྷའི་ཐུགས་དང་དབྱེར་མེད་མཛོད།

ཕ་མའི་བཀའ་དྲིན་དང་དགེ་རྒན་གྱིས་བསྐྱངས་པའི་ས་སྟེང་གི་དྭ་ཕྲུག་གང་དེས།  ཕ་མའི་བཀའ་དྲིན་དྲན་བཞིན་དྲིན་ལན་གྱི་ཚུལ་དུ་དགེ་རྫོངས་དམ་བཅའ་འདི།  རྒྱའི་ཞིང་ཆེན་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་ ༡༠༡༤/༢/༡༡ ཉིན།  མ་དྲིན་མོ་ཆེའི་ཞེ་དགུ་རྫོགས་པའི་ཉིན་ཕ་མ་དང་ཕན་ཚུན་གླེང་མོལ་འདོད་ནས་རང་ལ་སེམས་གསོ་དང་ཕ་མའི་བསམ་དོན་རྫོགས་པའི་ཕྱིར་དུ་བྲིས།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།