༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > སློབ་གསོ། > 2 དགོན་སྡེའི་སློབ་གསོ།
2 དགོན་སྡེའི་སློབ་གསོ།
ཐེག་པ་ཆེན་པོའི་བོན་འཆད་ཉན་གྱི་སྐོར།
[ཟླ་ཚེས།:2017-06-20] [གཟིགས་ཐེངས:]

ཐེག་པ་ཆེན་པོའི་བོན་འཆད་པའི་བླ་མ་དང་བོན་ཉན་པའི་སློབ་མ་གཉིས་ཀྱི་ངོས་ནས་ཚང་དགོས་པའི་ཡོན་ཏན་འགའ་ཟུར་དུ་གླེང་བ།།

                                                                       ཤེས་རབ་སྙིང་པོ།

དེ་ཡང་ཚང་མས་ཤེས་གསལ་ལྟར་སྔོན་བྱོན་རིག་འཛིན་གོང་མ་རྣམ་པས་ང་ཚོ་ལ་གནང་བའི་བསླབ་བྱ་སྟེ་སེམས་ཅན་ཡོད་དོ་ཅོག་ཚང་མས་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ཅིག་མཚུངས་ཡིན་ནོ་དེ་ན་གནས་སྐབས་ཀྱི་བདེ་བ་ནི་ཟག་བཅས་ཀྱི་བདེ་བ་ཞེས་དོན་གྱི་བདེ་བ་ཆེན་པོ་མ་ཡིན་པར་བཀའ་ལུང་དུ་མ་ནས་གསུངས་སོ།     མཐར་ཐུག་གཏན་གྱི་བདེ་བ་ཆེན་པོ་ཞིག་སྒྲུབ་འདོད་ན་རང་གཞུང་སྡེ་སྣོད་ཁག་ནས་གསུང་པའི་གདམས་ངག་གསེར་ནག་དང་འདྲ་བ་དེ་ཚོ་ངེས་པར་དུ་སེམས་ལ་ཉར་ཤེས་པར་དགོས་རྒྱུ་ཧ་ཅང་གལ་ཆེན་མཐོང་དེ་དག་རང་རང་རྒྱུད་ལ་སྐྱེ་བར་བྱེད་པ་ལ་གཙོ་ཆེར་བླ་མ་ལ་རག་ལས་ཡོད།    «ལམ་རིམ་སུམ་བརྒྱ་པ་ལས་»ཐེག་པ་ཆེན་པོའི་ལུགས་ནས་ནན་ཏར་བླ་ན་མེད་པའི་བྱང་ཆུབ་ཞིག་སྒྲུབ་ན་སྒྲུབ་ཐབས་ནི་བསྟན་པའི་བོན་ལ་རག་ལས་བསྟན་པའི་བོན་ནི་སྟོན་པ་སངས་རྒྱས་ལ་རག་ལས།   དུས་ད་ལྟ་སངས་རྒྱས་མྱ་ངན་ལས་འདས་ནས་བྱང་ཆུབ་སྒྲུབ་པའི་ཐབས་བླ་མ་ལ་རག་ལས་ཏེ་བླ་མ་ནི་སངས་རྒྱས་ཀྱི་ཞལ་ཚབ་ཐར་པའི་དད་དཔོན་སྡུག་བསྔལ་གྱི་སྐྱབས་གནས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐམས་ཅད་བླ་མ་ལས་འབྱུང་བས་ན་བླ་མ་དམ་པ་བརྟེན་ཞེས་གསུང་པའི་ཕྱིར་ན་སངས་རྒྱས་བས་ཀྱང་བླ་མ་མཉེན་པར་བཟུང་དགོས་པར་འདུག་སྟེ་«ལུང་ལས་»བླ་མ་མེད་པའི་གོང་རོལ་ནས་སངས་རྒྱས་བྱ་བའི་མིང་ཡང་མེད།  དེའི་ཕྱིར་བླ་མ་གཙོ་རུ་ཆེ་ཞེས་དང་།   བླ་མ་སངས་རྒྱས་ངོ་བོ་མ་ཤེས་ན།  ཡི་དམ་དམིགས་པ་གསལ་ཀྱང་འདོད་བློ་ཡིན་ཞེས་པའི་དོན་དེ་ཡིས་ཧ་གོ་བར་སེམས།

  དེ་ཡང་རང་གཞན་གཉིས་ཀྱི་དོན་ནམ་མཐར་ཐུག་གཏན་བདེ་བླ་མེད་ཀྱི་གོ་འཕང་སྒྲུབ་པར་བྱས་པ་ལ་རྒྱལ་བསྟན་འཁོར་ལོ་བཞི་ཡི་མཛད་བཟང་སྐྱོང་བ་ནི་ཁྱད་དུ་འཕགས་པའི་འཕྲིན་ལས་ཞིག་ཏུ་མངོན་དེ་དག་རྣམ་གྲངས་བཞི་ཡི་ནང་ཚན་འཆད་པ་བོན་གྱི་འཁོར་ལོ་རྩོད་པ་བོན་གྱི་འཁོར་ལོ་གཉིས་ནི་སངས་རྒྱས་ཀྱི་བསྟན་པ་གསལ་བྱེད་མཆོག་ཏུ་གྱུར་པ་ཡིན་མོད་ཀྱང་མདོར་བསྡུས་ན་བསླབ་གསུམ་ངུར་སྨྲིག་འཛིན་པའི་རབ་བྱུང་པའི་སྡེ་ལ་ཐུག་ཡོད་པ་ཡིན་«ལུང་ལས་»སངས་རྒྱས་བསྟན་པའི་རྩ་བ་ཚུལ་ཁྲིམས་ཡིན།  ཚུལ་ཁྲིམས་མེད་ན་བསྟན་པ་མེད་ཅེས་གསལ་པོར་གསུངས་ཡོད།  དེ་ལྟ་བུའི་བསླབ་གསུམ་གྱི་ཕྱུག་པའི་དགེ་འདུན་པས་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་ཀྱི་རིག་པའི་བརྒལ་རྟགས་ལམ་ནས་འཇུག་གི་ཡོད་ཀྱང་དེ་ཡང་འཆད་ཉན་ཡག་དང་མི་ཡག་འཆད་པ་པོ་དཔོན་གསས་བླ་མ་དང་ཉན་པ་པོ་སློབ་བུ་གཉིས་ཀྱི་ངང་ནས་མཚན་ཉིད་ཚུལ་བཞིན་ལྡན་མི་ལྡན་ལ་རག་ལས་ཡོད་བཟོ་འདུག དེ་ན་ཐོག་མར་བླ་མས་དགོས་པའི་སྤང་བླངས་སྐོར་ནས་གཞན་གྱིས་གོ་བ་སླ་ཕྱིར་ཅུང་ཞིག་འཆད་ན་བོན་འཆད་པའི་བླ་མ་ནི་«ཕར་ཕྱིན་སྐབས་དང་པོ་ལས»གསུང་པ་ལྟར་འཆད་བྱེད་ཀྱི་ཡོན་ཏན་གསུམ་དང་ལྡན་པའི་བཀུར་བར་འོས་པའི་གང་ཟག་ཞེས་དང་«རྗེ་རིན་པོ་ཆེའི་བསྡུས་འགྲེལ་གསལ་བྱེད་སྒྲོན་མ་ལས»སྦྱང་པའི་ཤེས་རབ་ཆེ་བ་ཀུན་སློང་གི་བསམ་པ་དག་པ་འགྲོ་བ་འདུལ་བའི་ཐབས་ལ་མཁས་པའོ་ཞེས་དང་«རྗེ་ཡི་མཛོད་འགྲེལ་ལས་»སྦྱོང་པའི་ཤེས་རབ་ཆེ་བ་ནི་རབ་རིག་པའི་གནས་ལྔ་ལ་མཁས་པ་འབྲིང་སྒྲ་དང་ཚད་མ་ལ་མཁས་པ་ཐ་ན་རང་གིས་བཤད་བྱའི་གཞུང་ལ་མ་རྨོངས་པའོ་«བཀའ་ཐུབ་རྣམ་བཤད་ལས»འཆད་པ་པོ་མཚན་ཉིད་ལྡན་པ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་གསུམ་དང་ལྡན་ཞིང་དེ་རྣམས་ཀྱི་གཞུང་དོན་ལ་མ་རྨོངས་པའི་བློ་གྲོས་ཀྱི་རྩལ་རྫོགས་ཏེ་སྒྲོ་འདོག་ཆོད་པ་དང་རྒྱུད་ལ་སྦྱར་ཏེ་བསླབ་པ་གོམ་ཤིང་འདྲིས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དེ་ཉིད་གདུལ་བྱའི་མགོན་དུ་གྱུར་པའོ་ཞེས་གསུང་པའི་ཕྱིར་ཏེ«བོན་འཁོར་བསྟན་པའི་མདོ་ལས»གང་ཞིག་བསླབ་པ་གསུམ་ལྡན་ཞིང་།  དེ་ཉིད་མཁས་དང་གོམ་གྱུར་པ།   དེ་དག་རང་བཞིན་དག་པ་ཡི།    མགོན་གྱུར་སྙིང་པོ་ཞིང་དག་འོ་ཞེས་གསུང་པས་སྤྱིར་ཐེག་པ་ཆེ་ཆུང་སོགས་ནས་བླ་མ་དང་སློབ་བུའི་མཚན་ཉིད་མི་འདྲ་བ་མང་པོ་ཡོད་ཀྱངཐུན་མོང་གི་སྒོ་ནས་འཆད་པ་པོ་བླ་མ་དངོས་ནི་བློ་གྲོས་ཀྱི་ཤེས་རབ་དང་བྱམས་སྙིང་རྗེ་དད་པ་དག་སྣང་ཁྱད་པར་དུ་སློབ་བུ་རྣམས་ཀྱི་རྒྱུད་ལ་ཕན་འདོག་འདོད་ཀྱི་བསམ་བློ་ལྡན་པ་བཅས་ངེས་པར་དུ་དགོས་ཏེ་«ཕར་ཕྱིན་སྐབས་དང་པོ་ལས»ཐེག་སྒོ་སྤྱི་དང་ཁྱད་པར་དུ་གང་བཤད་བྱའི་གཞུང་དེའི་ཚིག་དང་དོན་ལ་མ་རྨོངས་པའི་བློ་གྲོས་དང་ལྡན་པ་བོན་འཆད་པའི་ཐབས་ལ་མཁས་པ་བཤད་པའི་ཚེ་ངལ་དུབ་དང་སྐྱོ་སུན་མེད་པར་རྟག་ཏུ་འཆད་ནུས་པ་དང་སློབ་བུས་མི་ཤེས་པའི་དོན་རྣམས་ལན་གྲངས་ཇི་ཙམ་དྲིས་ཀྱང་བཟོད་པ་དང་ལྡན་ཞིང་ངེས་པར་སློབ་ནུས་པའོ་ཞེས་གསུང་པའི་ཕྱིར་རོ།   དེ་ན་རང་གི་ཕྱི་མའི་ལམ་སྣ་སྟོན་མཁན་གྱི་བླ་མ་མཚན་ཉིད་ཚང་བ་ཅིས་ནས་ཀྱང་བསྩལ་དགོས་པ་ཡིན་འདུག་གལ་ཏེ་དེ་ལྟར་བརྟགས་དཔྱད་ཡག་པོ་བྱེད་ལོང་མེད་པར་ཡུལ་ག་གེ་མོ་ཞིག་ན་མངོན་ཤེས་དང་རྫུ་འཕྲུལ་ཆེ་རབ་མཐུ་དང་ནུས་པ་བཟང་རབ་སོགས་མིང་ཆེ་ཆེ་རྫིག་རྫིག་བཏགས་ནས་འགྲོ་དོན་རྒྱུ་ནོར་ལ་གཡེང་བའི་དུས་མཐའི་སེར་གཟུགས་མཐོང་ཚད་བླ་མར་བརྟེན་མི་རུང་བ་ཡིན་«དཔེར་ན་ཀུན་མཁྱེན་ཤར་རྫ་པས་མཛད་པའི་སྡེ་སྣོད་མཛོད་ལས་བླ་མའི་མཚན་ཉིད་བཤད་སྐབས་སུ་མཚན་དང་མི་ལྡན་པའི་བླ་མ་ནི་ཤིང་སྐམ་ལྟ་བུ་ཡོན་ཏན་སྐྱེ་མི་ནུས་པའི་བླ་མ།  དུག་ཆུ་ལྟ་བུ་ལུང་ལོག་པར་སྟོན་པའི་བླ་མ།   དུག་སྦྱོར་ལྟ་བུ་བསམ་སྦྱོར་ཡ་བྲལ་བའི་བླ་མ་ཞེས་དེ་ལྟ་བུ་རང་གི་ཕྱི་མའི་ལམ་སྣ་སྟོན་མཁན་ཞིག་ཏུ་འཛིན་ནས་ལོ་ཟླ་ཇི་ཙམ་བརྟེན་རུང་རང་རྒྱུད་ལ་ཕན་པའི་གདམས་ངག་ལྟ་ཞོག་ཐ་ན་བདེ་ཆེན་རྒྱལ་པོ་ཙམ་ཡང་ལུང་མི་ཐུབ་པར་དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་དོན་མེད་ཁྲོག་བརླགས་སུ་འགྱུར་བ་ཡིན་པས་ངེས་པར་མཚན་ལྡན་གྱི་དཔོན་གསས་་ཤིག་བསྩལ་དགོས།།
«སྡེ་སྣོད་རིན་པོ་ཆེའི་མཛོད་ལས»ཕྱི་ནང་བོན་གྱི་མཛོད་འཆང་བླ་མ་དེ། །གདམས་ངག་བདུད་རྩིའི་ཆུ་རྒྱུན་མཛད་མེད་གནས། །ཐར་པའི་ལམ་ལ་འདྲེན་པའི་དེད་དཔོན་དངོས། །འཁོར་བའི་བཙོན་ར་བཤིག་པའི་དཔའ་བོ་ཆེ། །སྡུག་བསྔལ་རྒྱ་མཚོ་སྐེམ་བྱེད་མེ་དཔུང་འདྲ། །སྒྲིབ་གཉིས་མུན་པ་སེལ་བ་ཉི་ཟླར་མཚུངས། །སྒྲོ་བཏགས་མ་ཡིན་རྒྱལ་བའི་ལུང་གིས་བསྔགས། །ཞེས་གསུངས་པ་ལྟར་རོ། དེ་ལྟ་བུའི་དཔོན་གསས་ནི་ཐུགས་རྗེ་དང་བྱིན་རླབས་ཡོན་ཏན་གང་ནས་སངས་རྒྱས་ལ་མཉམ་ཞིང་། བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་དུ་འགྱུར་བ་ནི། སྡེ་སྣོད་རིན་པོ་ཆེའི་མཛོད་ལས། དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབ། །ཅེས་གསུངས་སོ།།གཉིས་པ་ཉན་པ་པོ་སློབ་བུའི་ངོས་ནས་ཚང་དགོས་པའི་གནད་འགའ་བཀོད་ནས་དེ་དག་སྤང་བླངས་འཇུག་ལྡོག་བྱེད་དགོས་པ་ཡིན་དེང་སང་སྙེགས་མ་ལྔ་བདོའི་དུས་འདིར་བོན་འཆད་པའི་བླ་མ་དང་བོན་ཞུ་མཁན་གྱི་སློབ་མ་གཉིས་ཀྱི་ངོས་ནས་མཚན་ཉིད་ཚང་མཁན་ཉིན་མོའི་སྐར་མ་བཞིན་ཏུ་འགྱུར་བཞིན་འདུག་པ་བཤད་ཉན་བླ་མ་བརྟེན་པའི་སྐོར་གྱི་རྒྱལ་བ་སྲས་དང་བཅས་པའི་གདམས་དོན་དེ་དག་ཀློག་ན་རིམ་བཞིན་ངེས་ཤེས་སྐྱེ་ཡོང་གི་འདུག  དེའི་ཕྱིར་ན་དགེ་ཕན་ཅུང་ཙམ་མཆིས་ན་སྙམ་པའི་གདུང་བ་དྲག་པོས་སྒོ་ནས་གོང་དུ་བོན་འཆད་པའི་བླ་མའི་སྐོར་ནས་རང་གཞུང་ཁག་གི་མཚན་ཉིད་བཞག་པ་ལྟར་དུ་བཀོད་ཟིན་ནས་བོན་ཞུ་མཁན་གྱི་སློབ་མའི་ངོས་ནས་ཚང་དགོས་པའི་ཆ་རྐྱེན་ཏེ་བོན་ཞུ་སྐབས་སུ་ལུས་ཀྱི་རྣམ་འགྱུར་སེམས་ཀྱི་དྲན་སྟངས་སོགས་གང་འཐད་སྒྲུབ་པར་བྱ་བ་དང་སྤང་བར་བྱ་བ་གཉིས་ཡོད་དང་པོ་ལ་དད་པ་དང་མོས་གུས་བརྩོན་འགྲུས་དང་ཤེས་རབ་སོགས་ལྡན་ཞིང་མི་ལེགས་པའི་བྱ་བ་སོགས་གཏན་ནས་མི་བྱེད་པ་ཞིག་ངེས་པར་དུ་དགོས་པ་ཡིན་ཏེ་«རྗེ་ཡི་མཛོད་འགྲེལ་ལས»སྟོབས་ལྡན་བློ་གསལ་དད་ཆེ་ལ།།    ཀུན་གྲགས་རྒྱ་ཆེར་བསྟན་པར་བྱ་ཞེས་དང་།    «སུམ་བརྒྱ་པ་ལ» དད་པ་སྟོབས་དང་བརྩོན་འགྲུས་ཤེས་རབ་ཆེ།།     

སེམས་བསྐྱེད་གུས་པའི་ཚུལ་དང་མོས་བསམ་ལྡན།  ཞེས་དང་སྐབས་དང་པོ་ལས་ཉན་པར་འོས་པའི་ཡོན་ཏན་གསུམ་དང་ལྡན་པའི་སྐྱེས་བུ་ཞེས་པ་ཡོན་ཏན་གསུམ་ནི་དགེ་བའི་ལས་ལ་ཞུམ་པ་མེད་ཅིང་རྩེ་གཅིག་མི་ཡེངས་པའི་སྟོབས་དང་ལྡན་པ་ལེགས་བཤད་དང་ཉེས་བཤད་ཀྱི་བླང་དོར་ཕྱེ་བའི་བློ་གྲོས་གསལ་བ་དང་ཐོས་བསམ་ཙམ་གྱིས་མི་ངོམས་ཞིང་དེ་དག་དོན་གཉེར་ཆེ་བའི་དད་པ་དང་ལྡན་པ་ཞེས་དང་བོན་འཁོར་བསྟན་པའི་མདོ་ལས་བློ་བརྟན་ཡིད་གནས་རང་བཞིན་ཆེ།    རྩེ་གཅིག་མི་ཡེངས་དད་ལྡན་གུས།     ཉན་པ་ཀུན་གྱི་མཆོག་ཏུ་བཤད།   ཅེས་གསུང་པས་ཐེག་པ་ཆེན་པོའི་བོན་ཉན་མཁན་གྱི་ཚད་ལྡན་གྱི་སློབ་མ་ཞིག་མེད་ན་གང་བྱུང་བྱུང་གིས་ཉན་པར་འདོད་ན་ལྟ་བ་ལོག་པའི་རྒྱུ་རུ་འགྲོ་བ་དང་ཐེག་ཆེན་གྱི་དམ་ཚིག་འགལ་བ་སོགས་ཀྱི་རྐྱེན་སྣ་ཚོག་འབྱུང་གི་ཡོད་པ་ཡིན་པས་ངེས་པར་དུ་སློབ་མ་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་མི་ལེགས་པའི་རིགས་རྣམས་དོར་ཏེ་ལེགས་པའི་ཕྱོགས་ལ་འབད་པ་བྱ་དགོས་པར་འདུག་སྟེ་དུས་སྙེགས་མའི་སྐབས་འདིར་སངས་རྒྱས་ཀྱི་ན་བཟའ་ལུས་ལ་འཆང་མཁན་ཞིག་ཡིན་ཚེ་ཕལ་གྱིས་མཐོང་ཚུལ་ལ་ཁྲམ་པ་དང་ཇག་པ་ལྟ་བུའི་སྣང་ཚུལ་ལས་ཡང་དག་པའི་ཕྱག་སྐྱབས་ཀྱི་ཡུལ་དུ་མི་འཛིན་པ་འདི་ནི་རྣམ་དག་འདུལ་བ་དང་མཐུན་པའི་སྒོ་ནས་ཟ་ཉལ་འགྲོ་འདུག་གང་ཅིས་ཐད་ནས་ཉམས་གུད་སོང་བའི་སྐྱོན་ཆ་ཡིན་པས་རབ་བྱུང་ངུར་སྨྲིག་པའི་སྡེ་ཚོས་ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་གཉིས་ཀག་བཙུན་པ་ཞིག་ཡོང་བ་ལ་འབད་ནས་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གཉིས་ཀ་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་སྐྱེ་འགྲོ་སེམས་ཅན་ཀུན་ལ་ཕན་ཐོག་པའི་སྐྱེས་བུ་ཞིག་གི་རྣམ་ཐར་བཞེངས་རྒྱུ་མི་བརྗེད་པའི་རེ་བ་ཡ་ཆུང་ཁོང་ནས་འབར་འདོད།།





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།