
གཤེན་རབ་བླ་མའི་གསུང་གི་བསྟན་ལ་འགྲོ་འདྲེན་མང་།།
ཁྲི་གཙུག་རྒྱལ་བའི་བསྟན་ལ་གུས་པའི་གཤེན་བཙུན་རྒྱས།།
བྲུ་རྗེ་བླ་མའི་གཡས་རུ་དབེན་སར་ཕྱག་བཏབ་བཟུང་།།
སྟོན་པ་བཅོ་བརྒྱད་ཕྲེང་བ་བཞིན་དུ་འབྱོན་ལ་བཀུར།།
ལས་ཀྱི་དབང་གིས་གནས་འདིར་བསྟན་པ་རྫོཊ་པའི་དུས།།
རྒྱལ་བ་གཉིས་པ་མཚན་ལྡན་མི་ཡིས་གར་གྱི་བཞེངས།།
བཀྲ་ཤིས་སྨན་གྱི་གདན་ས་ཆེན་མོ་གསར་དུ་བརྙེས།།
གྲྭ་ཤག་དྲུག་ཅུ་སྐད་ཅིག་ཀློངས་ནས་གྲུབ་པར་བྱས།།
ཡར་ངོའི་ཟླ་བར་འཆད་རྩོད་རྩོམ་པའི་མེ་རོ་སྤར།།
མར་ངོའི་ཟླ་བར་བསྙེན་སྒྲུབ་སྒོམ་གསུམ་སྐྱོང་ལ་འགྲུས།།
འཕྲུལ་སྒྲོན་རྣམ་ལྔའི་གཞུང་འགྲེལ་ཇི་བཞིན་གསར་དུ་མཛད།།
རྒྱལ་གཤེན་བསྟན་པའི་བདག་ཉིད་ཞེས་པའི་མཚན་སྙན་འབར།།
དྲུག་ཅུའི་དགོངས་པ་བོན་དབྱིངས་མ་ཐིམ་གོང་དུ་ལ།།
རྒྱལ་ཚབ་རིན་རྒྱལ་ཁྲི་འཛིན་སྐོས་རྒྱུའི་ཐུཊ་ཐག་བཅད།།
དེ་ནས་རིམ་བཞིན་སྨན་རིའི་བསྟན་པ་གང་སར་ཁྱབ།།
བཤད་སྒྲུབ་ཉི་ཟླའི་དཀྱིལ་འཁོར་རྒྱས་ཏེ་མཚན་སྙན་གྲཊ།།
དེ་ནས་ཁྲི་འཛིན་སོ་གསུམ་དབར་དུ་ཟམ་མ་ཆད།།
ཡོངས་འཛིན་བླ་མ་མཁས་གྲུབ་དུ་མའི་བཀུར་གནས་གྱུར།།
ལས་དབང་རྣལ་མ་ཟུང་གིས་རྐྱེན་བྱས་རྒྱ་གར་ཡུལ།།
སྨན་གྱི་རི་བོའི་ཕྱག་སྲོལ་ཇི་བཞིན་གདན་དྲངས་ཡོད།།
ཉེར་གཅིག་དུས་རབས་འདི་ཡིས་བསྐལ་ཁུཊ་ཚེས་དུས་སུ།།
སྙིཊ་དུས་འགྲོ་བའི་སྐྱབས་མགོན་བཞེས་ནས་ཨ་མདོའི་ཡུལ།།
མཚན་དཔེའི་མེ་ཏོག་གསར་དུ་བཞེད་པའི་རྣམ་ཐར་མཆིས།།
སྨན་རིའི་ཡོངས་འཛིན་དཔོན་སློབ་དྲུང་དུ་འབྱོན་ནས་བཟུང་།།
བཤད་སྒྲུབ་བསྟན་པ་གང་དེའི་ཕྱག་སྲོལ་ཇི་བཞིན་བསྐྲུན།།
ཁྲི་འཛིན་སོ་གསུམ་ལུ༵ང་རྟོ༵གས་བསྟ༵ན་པ༵འི་ཉི༵་མ༵་འཆར།།
མདོ་དབུས་བསྟོད་སྨད་གང་སར་བཤད་སྒྲུབ་གསར་དུ་བརྙེས།།
སྐུ་ཚེ་གེགས་མེད་དགུ་བཅུའི་སྟོན་མོ་ཚེས་རན་ཡང་།།
བསྟན་པའི་མེ་རོ་སྔར་ལས་ལྷག་པ་སྤེལ་བཞིན་ཡོད།།
བསྟན་པ་འཛིན་པའི་སྐྱེས་བུ་ཀུན་ལ་གདམ་ངག་སྟེར།།
བསྟན་ལ་བཀུར་བའི་ཞལ་གདམ་བླ་མེད་རྒྱུད་དུ་འཆད།།
བསྟན་པའི་ཆེད་དུ་ཅི་ནུས་འགྲུས་པའི་ཐུཊ་སྤོབས་ལྡན།།
འཛིན་ལ་ངལ་མེད་ཆུ་བོའི་རྒྱུད་བཞིན་ངང་རྒྱུད་བསྲིང་།།
འཛིན་ན་ཉིན་མོར་བྱེད་བཞིན་དགོས་པའི་ཞལ་གདམ་མེར།།
འཛིན་བྱེད་ཚིག་ལ་སྙིཊ་བཅུད་དུང་བླངས་རབ་མཁས་མོད།།
འཛིན་དུས་ཉོན་མོངས་དུག་ལྔའི་མ་སླད་དགེ་བཅུའི་འབྱམས།།
རྣམ་པར་དག་པའི་ལུང་རིག་ཟུང་ལ་རྒྱུན་དུ་བྲེལ།།
རྣམ་དག་བསླབ་གསུམ་གྱིས་ངང་ཚུལ་ནས་བོན་འཆད་མཁས།།
རྣམ་པ་ཙམ་ལས་འདས་པའི་ལོ་རྒྱུས་གྲགས་མྱོང་མེད།།
རྣམ་དཔྱོད་གཟི་བརྗིད་གང་ལ་གང་འདུལ་ཁྱེད་ཉིད་འཕཊ།།
དག་པ་གཉིས་ལྡན་ཁྱེད་ཉིད་རྒྱུད་ལ་རབ་ཏུ་འཕོ།།
དག་དང་མ་དག་དགོས་མེད་སྒྱུ་འཕྲུལ་ཁྱེད་ཉིད་དབེན།།
དག་སྣང་ཆེ་བའི་སྐུ་ཡིས་གཟི་བརྗིད་འདུས་མང་དཔའ།།
དག་པའི་ཞིང་ལ་ཁྱེད་ཉིད་མི་འབྱོན་སུ་ཞིག་འབྱོན།།
ཕུང་ལུང་ལྡན་པའི་བོན་གཞུང་ཕལ་ཆེར་ཁྱེད་ཉིད་མཁས།།
རྣམ་དཔྱོད་བྱེ་བའི་གཙུག་ན་རྒྱན་པའི་ཞལ་སྔར་འགྲིམ།།
དབེན་གྱི་རི་ལ་ཏིང་འཛིན་ཇི་བཞིན་ཁྱེད་ཉིད་གསལ།།
ཉེར་གཅིག་མུན་པའི་སྨག་རུམ་འདི་ལ་གསལ་བའི་སྒྲོན།།
ཁྱེད་ཉིད་བུ་སློབ་བཤེས་གཉེན་བརྒྱ་ཕྲག་བརྒལ་མོད་ཀྱང་།།
ས་ཆེན་གཏོགས་ཀི་བླ་ཆེན་ཡོད་ཀུན་ཁྱེད་འཛུམ་དད།།
ལས་སྐལ་ལྡན་པའི་རིག་སྨྲ་ཕལ་ཆེར་ཁྱེད་མདུན་གཅར།།
སངས་རྒྱས་གཡུང་དྲུང་བོན་བསྟན་གང་རྒྱས་ཁྱེད་ཀྱིས་དྲིན།།
མདོར་ན་ཕྱི་ནང་གསང་བ་གསུམ་གྱི་བོན་གཏེར་དང་།།
རིག་གཞུང་རྦ་རླབས་རྒྱ་མཚོའི་འཁྱིལ་འདྲའི་ཉིང་བཅུད་དག།
འབད་མེད་ངང་ནས་རྟོགས་པར་གྱུར་བ་རབ་ཏུ་དཀོན།།
དེས་ན་ཁྱེད་ཀྱིས་གསང་གསུམ་མཛད་འཕྲིན་གང་ཡོད་དྲིན།།
གདུལ་བྱའི་སྣང་ངོར་མཐུན་དང་མི་མཐུན་སྤྱོད་ངན་བྲལ།།
གཡུང་དྲུང་བོན་གྱི་སྒོར་རུ་ཞུགས་པའི་སྐལ་ལྡན་ཚོས།།
མ་དད་སྐྱོན་བརྗོད་སོར་བཞག་བགྱི་བའི་ཐབས་མི་བརྙེད།།
ཡུལ་མཆོག་དམ་པ་སྤྱི་བོར་བཀུར་བཞིན་ཁྱེད་ཉིད་གུས།།
འགལ་ལ་བསྟན་སྐྱོང་རེ་ཞིག་མ་མཁྱེན་མི་སྲིད་མོད།།
ཕྱུག་ལ་མགོན་ཞིང་དབུལ་ལ་མ་སྨོན་དེ་བས་མེད།།
མཛེས་ལ་རྔམ་ཞིང་དམན་ལ་བསྔལ་བའི་ལོ་རྒྱུས་དབེན།།
རྒྱུ་མཚན་དེས་ན་སྐྱབས་མགོན་ཉི་མ་གཞོན་ནུ་གྲགས།།
དུག་ལྔ་འདུལ་ཞིང་གདོང་ལྔའི་བཏེགས་པའི་ཁྲི་འཕང་དུ།།
སུམ་ལྡན་བརྩེགས་པའི་ཡང་སྟེང་འདི་རུ་དགྱེས་འཛུམ་མེར།།
བསྐལ་བརྒྱར་གཡུང་དྲུང་ཁྲི་རུ་བཞུཊ་པའི་སྨོན་ཚིག་འདི།།
ག༵ངས་ཤེ༵ར་འབོད་པས་སོར་བཅུའི་སྙིང་ཁར་སྦྱར་ནས་བྲིས།།
2017-06-16ཉིན་བར་གསེང་གི་དུས་ཚོད་དང་བསྟུན་ནས་བྲིས།