༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 12 ཚེས 8
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
ཐེག་རིམ་མདོ་རྒྱུད་གསུང་མཁན་ངོས་འཛིན་སྐོར།
[ཟླ་ཚེས།:2017-06-17] [གཟིགས་ཐེངས:]


                                   ཐེག་རིམ་མདོ་རྒྱུད་གསུང་མཁན་གྱི་གཤེན་ལྷ་འོད་དཀར་དེ་གང་ལ་ངོས་འཛིན་དགོས་སམ།


                                                           ཁྱུང་པོ་སྟེང་ཆེན་དགོན། བསྟན་འཛིན་ཡེ་ཤེས།

དེ་ཡང་བདག་ཅག་གི་སྤྱོད་ཡུལ་དུ་གྱུར་པའི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་འདི་ཉིད་གཤེན་ལྷ་འོད་དཀར་གྱི་གསུང་ཡིན་པར། མདོ་རྒྱུད་དེ་ཉིད་ལས། གཤེན་ལྷ་འོད་དཀར་སྟོན་མཆོག་བཞུགས་པ་དེས། །ཞེས་སོགས་ཀྱིས་གྲུབ་པས་བཤད་པ་མང་བས་དགོོས་པ་མེད་དོ་སྙམ། འོན་ཀྱང་གཤེན་ལྷ་འོད་དཀར་དེ་ཉིད་རྟོག་གེ་རིགས་པ་སྨྲ་བའི་ཁྲོད་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་ངོས་འཛིན་མཛད་མཁན་མང་འདུག་ཀྱང་། མི་འཐད་པའི་ཚུལ་ལུང་དང་རིགས་པ་གཉིས་ཀྱིས་འཆད་པར་བྱ་སྟེ། དང་པོ་རིགས་པ་ལ་མདོ་རྒྱུད་གསུང་སའི་གནས་དོན་གྱི་འོག་མིན་མ་ཡིན་པར་ཐལ་བ་དང་། མདོ་རྒྱུད་དེ་ཉིད་བརྗོད་བྱ་དོན་གྱི་གསུང་མིན་པར་ཐལ་བ་དང་། དུས་བཞི་མཉམ་པ་ཉིད་དུ་མ་བསྒྲགས་པར་ཐལ་བ་དང་གསུམ་ལས། དང་པོ་ལ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་བོན་ཅན། ཁྱོད་གསུང་སའི་གནས་དེ་དོན་གྱི་འོག་མིན་མ་ཡིན་པར་ཐལ། འཇིག་རྟེན་གནས་གྱི་འོག་མིན་ཡིན་པའི་ཕྱིར། དེར་ཐལ། ཁྱོད་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱིས་གསུངས་པ་གང་ཞིག རྫོགས་སྐུ་དེ་ཉིད་གནས་ངེས་པ་འཇིག་རྟེན་གནས་ཀྱི་འོག་མིན་དང་བྲལ་མ་མྱོང་བའི་ཕྱིར། ཁྱབ་སྟེ། སྟོན་པ་གང་དང་གང་ཡིན་ཡང་གནས་དེར་བཞུགས་ནས་གསུང་བའི་བོན་ཡིན་ན། བོན་དེའི་གསུང་སའི་གནས་ཀྱང་སྟོན་པ་བཞུགས་སའི་གནས་དེ་ལ་འཇོག་དགོས་པའི་ཕྱིར། རྟགས་མ་གྲུབ་ཟེར་ན་ཁྱབ་མཐའ་མ་ཆགས་པའི་རྟགས་སོ། །མདོ་རྒྱུད་འདི་ཉིད་འཇིག་རྟེན་གནས་ཀྱི་འོག་མིན་ན་གསུངས་པ་ཡང་ཡིན། དོན་གྱི་འོག་མིན་ན་གསུངས་པ་ཡང་ཡིན་པའི་གཞི་མཐུན་པ་ཡིན་ཟེར་ན། འོག་མིན་བོན་ཉིད་དབྱིངས་ཀྱི་གནས་ཆེན་ན། ཞེས་པའི་སྐབས་སུ་འོག་མིན་དེ་དོན་གྱི་འོག་མིན་ཡིན་ཞེས་དམིགས་ཀྱིས་བསལ་ནས་གསུང་དགོས་པ་དོན་མེད་དུ་ཐལ་ལོ། །
གཉིས་པ་ལ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་བོན་ཅན། ཁྱོད་བརྗོད་བྱ་དོན་གྱི་གསུང་མ་ཡིན་པར་ཐལ། རྫོགས་སྐུ་གཤེན་ལྷ་འོད་དཀར་གྱིས་གསུངས་པའི་ཕྱིར། ཁྱབ་སྟེ། སྐུ་གསུམ་ལ་ལྟོས་ཏེ་གསུང་གསུམ་དང་སྐུ་ལྔ་ལ་ལྟོས་ཏེ་གསུང་ལྔ་ཡོད་པ་གང་ཞིག དང་པོ་སྐུ་གསུམ་ལ་ལྟོས་པའི་གསུང་གསུམ་ནི། བརྗོད་བྱ་དོན་གྱི་གསུང་། དགོངས་པ་བརྡ་ཡི་གསུང་། བརྗོད་པ་ཚངས་པའི་གསུང་བཅས་ནི་རིམ་པར་བཞིན་དུ་བོན་སྐུ། རྫོགས་སྐུ། སྤྲུལ་སྐུ་གསུམ་ལ་སྦྱར་ནས་འཆད་དགོས་པའི་གནད་ཀས་བརྗོད་བྱ་དོན་གྱི་གསུང་ཡིན་ན་བོན་སྐུས་གསུངས་པ་གྲུབ་པའི་ཕྱིར་རོ། །མདོ་རྒྱུད་དེ་ཉིད་བརྗོད་བྱ་དོན་གྱི་གསུང་ཡིན་པར། འགྲེལ་མེ་ལོང་ལས། དགོངས་པ་གསལ་བའི་ཡེ་ཤེས་གོ་བརྡ་སྤྲད་པ་དེ་ལ་ནི། བརྗོད་བྱ་དོན་གྱི་གསུང་ཞེས་བྱ་སྟེ། དེས་གོ་ཞིང་རྟོགས་ངེས་པར་དོན་གྱི་ངོ་བོ་སེམས་ལ་གཉིས་མེད་དུ་སྤྲད་པའོ། །ཞེས་དང་། རྗེའི་ཐེག་འགྲེལ་ལས། དགོངས་པ་གསལ་བའི་ཡེ་ཤེས་གོ་བརྡ་སྤྲད་པ་དེ་ལ་ནི། བརྗོད་བྱ་དོན་གྱི་གསུང་ཞེས་བྱའོ་གསུངས་སོ། །དེ་ལ་ནི་རྒྱལ་བ་དགོངས་པའི་བརྒྱུད་ཞེས་ཀྱང་བྱའོ། །ཞེས་དང་། སྒ་སྟོན་ཐེག་འགྲེལ་ལས། དགོངས་པ་གསལ་བའི་ཡེ་ཤེས་ཀྱིས་གོ་བརྡ་སྤྲད་པ་དེ་ལ་ནི་བརྗོད་བྱ་དོན་གྱི་གསུང་ཞེས་བྱ་སྟེ། ཞེས་སོགས་ཀྱིས་གྲུབ་པའི་ཕྱིར།
གསུམ་པ་ལ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་འདི་བོན་ཅན། ཁྱོད་དུས་བཞི་མཉམ་པ་ཉིད་ཀྱི་དུས་ན་མ་བསྒྲགས་པར་ཐལ། ཁྱོད་འདས་པའི་དུས་ན་བསྒྲགས་པའི་ཕྱིར། དེར་ཐལ། སྔོན་འདས་པའི་དུས་བསྐལ་པ་རྫོགས་ལྡན་དུས་ན་བསྒྲགས་པའི་ཕྱིར། དེར་ཐལ། སྟོན་པ་གཤེན་རབ་མི་བོ་དེ་ཉིད་བྲམ་ཟེའི་བུ་ཁྱེའུ་བློ་ལྡན་གཤེན་སྲས་སྐྱེས་པའི་དུས་ན་བསྒྲགས་པའི་ཕྱིར། དེར་ཐལ། རྫོགས་སྐུ་གཤེན་ལྷ་འོད་དཀར་གྱིས་སྟོན་པ་ལ་མདོ་རྒྱུད་ལུང་བསྟན་པའི་དུས་དེ། སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་དེ་ཡིན་པ་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་པ་འཁྲུལ་མེད་ཡིན་པའི་ཕྱིར་རོ། །
གཉིས་པ་ཐེག་པའི་རིམ་མངོན་དུ་བཤད་པའི་མདོ་རྒྱུད་འདི་གསུང་མཁན་གྱི་གཤེན་ལྷ་འོད་དཀར་དེ་རྫོགས་སྐུ་གཤེན་ལྷ་འོད་དཀར་ཡིན་ན། ལུང་གིས་གནོད་དེ། རྗེའི་ཐེག་འགྲེལ་ལས། གདགས་མེད་ཀྱི་ཀུན་བཟང་ཉིད་ཀྱི་ཐུགས་རྗེ་རོལ་པ་མངོན་དུ་ཕྱུང་བའི་འཁོར་ཡིན་ཏེ། ཞེས་དང་། སྒ་སྟོན་ཐེག་འགྲེལ་ལས། དོན་གྱི་འོག་མིན་སེམས་ཉིད་དབྱེར་མེད་ན་བཤད་པ་ནི། དབྱིངས་ཉིད་བོན་སྐུ་སྟོན་པས་རང་རིག་ཡེ་ཤེས་ཀྱི་འཁོར་ལ་བཤད་པའི་ཕྱིར་ཏེ། སེམས་ཉིད་དབྱིངས་ཉིད་སྟོང་གསལ་ལས་གཙོ་འཁོར་ལྷ་ས་མེད་པའི་གནད་ཀས་སོ། །ཞེས་དང་། ཡང་དེ་ཉིད་ལས། སྤྱིར་བསྒྲགས་པ་སྐོར་གསུམ་ལས། བོན་ཉིད་གཞིའི་སྟོན་པ། ཡོན་ཏན་ཁུངས་ཀྱི་སྟོན་པ། སྤྲུལ་སྐུའི་ཚིག་དང་ཡི་གེའི་སྟོན་པ། བསྒྲགས་པ་མདོར་བསྡུས་ཀྱིི་སྟོན་པ། བསྟན་པ་མདོ་འཛིན་གྱི་སྟོན་པ་དང་ལྔར་བཤད་ཀྱང་སྐབས་འདིར་ནི་དབྱིངས་ཀྱི་སྟོན་པ་བོན་སྐུ་ཁོ་ན་སྟེ། ཞེས་སོགས་གསུངས་པའི་ལུང་གིས་གནོད་དོ། །དེས་ན་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་གསུང་མཁན་གྱི་གཤེན་ལྷ་འོད་དཀར་དེ་ཉིད་ནི། གདགས་སུ་ཡོད་པའི་གཤེན་ལྷ་འོད་དཀར་དང་གདགས་སུ་མེད་པའི་གཤེན་ལྷ་འོད་དཀར་གཉིས་ལས་ཕྱི་མ་དེའོ། །དེ་ཡང་གདགས་སུ་མེད་པའི་གཤེན་ལྷ་འོད་དཀར་གྱིས་དབྱིངས་ཀྱི་ལྷ་ལྔ་ལ་དགོངས་པའི་ཀློང་ནས་བརྒྱུད། དེ་ནས་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱིས་སྟོན་པ་གཤེན་རབ་མི་བོའི་སྐུ་སྐྱེས་སྔ་མ་བྲམ་ཟེའི་བུ་ཁྱེའུ་བློ་ལྡན་གཤེན་སྲས་ལ་ལུང་བསྟན་པའི་གཞུང་ཡིན་ཏེ། འགྲེལ་མེ་ལོང་ལས། ངས་ཐེག་པའི་རིམ་པ་གཏན་ལ་དབབ་པའི་ཚད་མ་རྒྱས་པར་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་འདས་པའི་དུས་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ། ཞེས་པ་ནས། མིར་སྐྱེ་བ་དང་ལུང་བསྟན་པ་ནི་ལྟར་སྣང་བ་ཡིན་ནོ། །ཞེས་པའི་བར་གྱིས་རྫོགས་སྐུས་སྟོན་པ་ལ་བསྟན་ཚུལ་གསལ་བར་བསྟན་པ་ཡིན་ནོ། །
                            མཁས་པའི་མཁས་པ་རྣམས་ཀྱི་ལྟ་བར་འོས་པའི་གནས་མ་ཡིན། །
                            བླུན་པའི་བླུན་པ་རྣམས་ཀྱང་བལྟས་བས་གོ་བ་རྙེད་མ་ཡིན། །
                           མི་དད་མ་མོས་པ་རྣམས་དུས་ཚོད་བརླག་པའི་རྒྱུར་ཟད་ན། །
                          བསྐལ་མཉམ་མཆེད་པོ་དག་ལ་རིགས་པའི་ལམ་ནས་དཔྱད་གཞིར་ཕུལ། །
ཞེས་བཀའ་རམས་པའི་མིང་ཙམ་འཛིན་པའི་གྱི་ན་བ་བསྟན་འཛིན་ཡེ་ཤེས་ཀྱིས་༢༠༡༦ལོར་གསར་སློབ་གྱི་མཆེད་གྲོགས་འགའ་ལ་ཕན་ཕྱིར་དུ་སྦྱར་བའི་ཁུལ་ལགས་སོ།།
        



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།