༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 3 དམངས་སྲོལ།
3 དམངས་སྲོལ།
འཚམས་འདྲི་ཞུ། རྔུལ་ཚའི་བུ་ཕྲུག
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-15] [རྩོམ་པ་པོ།:རྔུལ་ཚའི་བུ་ཕྲུག] [གཟིགས་ཐེངས:]

QQ图片20170615094958.jpg

ལོ་འཁོར་བཅུ་ཕྲག་གཅིག་གི་ལོ།།

ལོ་བཟང་བྱ་རྒྱལ་བྱ་ཡི་ལོ།།

ལོ་དུས་གཟའ་སྐར་རིམ་རྒྱུ་ལོ།།

ལོ་ལྷས་མགོན་སྐྱོབ་མྱུར་བའི་ལོ།།

           བཀྲ་ཤིས་བདེ་ལེགས། སྐུ་ཁམས་བཟང་། སྐྱེ་འགྲོ་ཚང་མ་ལོ་གསར་པའི་ནང་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་བསམ་རྒུ་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ལན་གཅིག་ག་ལ་ཚད་དེ། མཐུ་སྟོབས་ཀྱི་མངའ་བདག་སྐྱབས་གནས་ཡུལ་མཆོག་གནས་བཞི་སྤྱི་བོའི་རྒྱན་དུ་བཀོད་ནས་གསོལ་འདེབས་ཁྲི་སྟོང་ལས་བརྒལ་བས་ན་དོན་ལ་སྨིན་པར་གྱུར་ཅིག།

          དེའང་མི་འགྲུབ་པ་མི་སྲིད་དེ་ "གང་གིས་མོས་པའི་ཡིད་བྱེད་པ། དེ་ཡི་མདུན་དེར་གཤེན་རབ་བཞུགས" ཞེས་དང་། " བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ། གཞན་དག་སེམས་ཅན་འདྲེན་པའི་སྨོན་ལམ་བཏབས" ཅེས་དང་། "གཤེན་ལྷ་འོད་དཀར་ནི་དྲན་པའི་རྒྱུ་རུ་ཆེ་ཞིང་དམིགས་པའི་རྟེན་དུ་རུང་ངོ་" ཞེས་པའི་རྗེས་སུ་འབྲང་ན་བསླུ་མེད་གཡུང་དྲུང་གི་ལུང་ཡིན་པར་སྙམ་མོ།།

          འོན་ཀྱང་གཞན་ཁོ་ན་ལ་རེ་ལྟོས་ཆེན་པོ་ཞིག་དང་སྔོན་རྫོགས་ཟིན་པའི་ལུང་གཅིག་བུའི་དོན་དངོས་ལ་ཐོབ་བྱས་དམིགས་ཡུལ་ལག་སོན་འབྱུང་རྒྱུ་དེ་རུས་སྦལ་སྤུའི་ཟླ་བོ་མ་ཡིན་ནམ། དེའི་ན་གུས་པས་མཆོག་ཉིད་ལ་གསལ་གདབ་ཞིག་ཞུ་འདོད་པ་ལ་ཐུགས་ཁྲེལ་མ་གནང་རོགས།  གང་ཡིན་ཟེར་ན་ཉེ་ཆར་མི་བུ་མི་མོ་ཚང་མས་གནམ་ལོ་གསར་ཚེས་ལ་འདོད་འདོད་མོས་མོས་ཀྱིས་བྲེལ་བྲེལ་ཚུབ་ཚུབ་མཛད་བཞིན་པ་འདིར་དཔྱད་ན་སྡུས་ཚིག་ལ་བདེ་སྐྱིད་བརྗོད་པ་དེ་འདོད་པ་མིན་ག་ལ་སྲིད། བདེ་སྐྱིད་ཁོ་སེམས་ལྡན་ཡོངས་རྫོགས་ཀྱིས་སྒྲུབ་རྒྱུ་ཉག་གཅིག་དེ་མ་རེད་བརྗོད་ག་ལ་ཕོད། དེ་སྒྲུབ་སྟངས་ལ་སེམས་ཅན་རྣམ་གྲངས་མང་བ་བཞིན་དུ། བདེ་སྐྱིད་སྒྲུབ་ཐབས་ཡང་མཐའ་ལས་འདས་སོ་སྙམ། འུ་གཉིས་སེམས་ཅན་དེ་ཚོའི་ནང་ནས་སྨྲ་ཤེས་དོན་གོ་ལས་ལྡན་གྱི་མི་བུ་ཞིག་ཡིན་པའི་ཆ་ནས་བདེ་སྐྱིད་དེ་འཚོལ་ཐབས་ཐད་འདི་ཕྱི་བར་དོ་གསུམ་ལ་བསམ་བློ་ནན་པོ་ཞིག་མ་གཏང་ཐབས་མེད་ཡིན་ས་རེད། དེ་ལས་ཐོག་མར་ལོ་རྙིང་སྐྱེལ།  ལོ་གསར་བསུ་བའི་བར་སྐབས་ནས་དམ་བཅའ་གསུམ་ཁས་ལེན་བྱ་དགོས་པར་སེམས། རང་རང་གིས་འདོད་མོས་བདེ་སྐྱིད་ཀྱི་དོན་དུ་འཕྲོད་བརྟེན་ལ་འབད་ན་ཐོབ་རྒྱུ་དེ་རང་ཉིད་དང་ཁ་ཐག་ཉེ་སྟེ། 

            གཅིག། ཕྱི་ཁོར་ཡུག་གི་གཙང་སྦྲ་འཕྲོད་བརྟེན་ལ་དོ་སྣང་བྱ་དགོས་ཏེ། ས་ཆུ་རི་བྲག་སྤང་ལྗོངས་ནགས་ཚལ་རི་སྐྱེས་སྲོག་ཆགས་ཡོད་རྒུ་ལ་འབགས་བཙོག་གི་ཕོག་ཐུག་མ་སོང་བར་ང་རང་ཉིད་ཀྱིས་སྤྱོད་ལམ་གཟབ་ཅིང་གཙང་མར་སྤྱོད་དེ། ས་བདག་ཀླུ་གཉན་གཏོད་དེ་ཉེ་ལམ་སྡེ་བཞིར་གཏོགས་པའི་གོ་ལ་ཟླུམ་པོར་གནས་བཅས་པའི་སེམས་ཅན་མཐའ་དག་ཁྱིམ་ཚང་གཅིག་གི་ནང་མི་ལྟར་འགལ་བ་མ་སོང་ན་རྒྱལ་ཁམས་དང་ཡུལ་ལུང་སྤྱི་སྒེར་སུ་ལའང་བདེ་སྐྱིད་ཀྱི་དྲོད་ཁུལ་ལྡན་ངེས་རེད་སྙམ།

           གཉིས། ནང་ལུས་ཁམས་ཀྱི་གཙང་སྦྲ་འཕྲོད་བརྟེན་ལ་དོ་སྣང་བྱ་དགོས་ཏེ། ཟས་ཟ་ཤེས་གོས་གོན་ཤེས་གཉིད་ཉལ་ཤེས་བཏུང་བྱ་འཐུང་ཤེས་སྤྱོད་ལམ་བཀོལ་ཤེས་པ་གང་ལ་ཡང་མི་འཕྲོད་པ་སྤོང་ཞིང་འཕྲོད་པ་བརྟེན་ཏེ། སྤྱོད་ལམ་རྣམ་བཞི་དང་འབྲེལ་འདྲིས་གཏིང་ཟབ་ཀྱིས་རང་སྡུག་རང་གིས་མ་ཉོས་པ་བྱེད་རྒྱུ་དེ་གལ་པོ་ཆེ་ལ་ནན་ཏན་གྱིས་གཟབ་ན་ང་དང་ཁྱེད་གཉིས་ལ་གཞན་དྲིང་མི་འཇོག་པའི་བདེ་སྐྱིད་ཀྱི་འཚོ་བ་ལ་ཡུན་རིང་གནས་ཐུབ་པའི་རྟེན་གཞི་རེད་སྙམ།

          གསུམ། གསང་བ་སེམས་ཁམས་ཀྱི་གཙང་སྦྲ་འཕྲོད་བརྟེན་ལ་དོ་སྣང་བྱ་དགོས་ཏེ། གཞན་སུ་ལ་རག་མ་ལུས་ཤིང་རང་ལས་སྐྱེས་པའི་ཞེ་སྡང་འདོད་ཆགས་གཏི་མུག་འཕྲག་དོག་ང་རྒྱལ་སོགས་ཉོན་མོང་པས་སེམས་བཀྲུག་ཅིང་བསླད་ན་ཕྱིའི་མཐུན་རྐྱེན་ཅི་ལྟར་འཛོམ་ཀྱང་བདེ་སྐྱིད་ཀྱི་གོ་སྐབས་ངེད་གཉིས་ལ་དབུལ་བས་མ་ཤི་གསོན་པོའི་དུས་འདིར་ཅི་ལྟར་བསམ་ཀྱང་བདེ་སྐྱིད་ཁོ་ན་སྟེ་སྤྱོད་ལམ་བཞི་པོ་རང་ཉིད་ལ་དབང་བས་ཁྱེད་ཀྱིས་ཁྱེད་ལ་ཆོག་ཤེས་དང་ཚོད་འཛིན་བསམ་ཤེས་རང་དཔེ་གཞན་འགེབ་གཞན་དཔེ་རང་འགེབ་ཀྱིས་འཚོ་བའི་གསེང་ནས་བདེ་སྐྱིད་ངོས་བཟུང་ཞིང་ངོ་ཤེས་པ་བྱ་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་སྙམ་མོ།།

          གཞན་ཡང་སྣོད་བཅུད་རང་གཞན་ལུས་སེམས་འདི་ཕྱི་གང་ཐད་ནས་འབགས་བཙོག་བྲལ་ཞིང་དྭངས་གཙང་གཟི་བརྗིད་ལྡན་པའི་ཁོར་ཡུག་བསྐྲུན་རྒྱུ་ལ་འབད་འབུངས་ཀྱིས་ལོ་གཞོན་ཕོ་མོ་ཚོས་འཇིག་རྟེན་པའི་ཤེས་ཡོན་དང་འཇིག་རྟེན་ལས་འདས་པའི་ཤེས་ཡོན་ལ་ཐོས་བསམ་སྦྱོང་རྟོགས་ལག་ལེན་ཐེབས་པར་བྱ་ཞིང་། ལོ་རྒན་ཕོ་མོ་ཚོས་སྒོམ་སྒྲུབ་མདོ་སྔགས་རྫོགས་གསུམ་དང་ཡ་མ་བྲལ་བའི་ངོས་ནས་ཚེ་མཐའ་སྐྱེལ་ན་ངེད་གཉིས་ལ་བདེ་སྐྱིད་ཟེར་བ་དེ་ལུས་སེམས་དང་གཉིས་མེད་གཅིག་ཏུ་གནས་སོ་སྙམ།

          དེ་འདྲ་མ་ཡིན་པར་ག་ཤེད་ཞིག་ནས་རྒྱུག་ནས་ཁུར་རྒྱུ་ཞིག་དང་། ཉོ་ནས་ཁུག་ཡོང་རྒྱུ། བཙལ་ནས་རྙེད་ཡོང་རྒྱུ། སོང་ན་སླེབས་འགྲོ་ས་ཞིག་དེ་སྔ་མ་སྲིད་ལ་ད་ཡང་མི་སྲིད་དེ། "འོ་ཅག་བོན་མ་ཐོས་ནས་སངས་མ་རྒྱས་པ་མ་ཡིན། ཐོས་ནས་ཉམས་སུ་མ་བླངས་པས་སངས་མ་རྒྱས་པ་ཡིན" ཞེས་དང་། " ཤེས་བཞིན་བགྱིས་པ་མ་ཡིན་པ། དངོས་པོའི་ནོངས་པ་ཙམ་ནི་མེད" ཅེས་གསུངས་སོ།།

            དེ་ལྟར་མ་ཡིན་པར་བཤད་པ་དང་འུར་བ་ཁོ་ནས་ངེད་གཉིས་ཀྱི་མི་ཚེ་བཟང་པོ་འདི་བརླག་ན་དེ་ལས་སྡུག་པ་དང་ངོ་ཚ་གྱོང་གུད་ཅི་ཡོད་ཐབས་ཤེས་བྲལ་བའི་མི་ཚེའམ་དུས་ཚོད་རིན་བྲལ་འདི་ལ་གཅེས་སྤྲས་དང་གཅེས་སྐྱོང་མཛད་ན་ཨེ་མ་ཧོ་རྨད་དུ་བྱུང་ངོ།། ཚེ་ལུས་ལྷག་མ་འདི་བདེ་སྐྱིད་ལ་བཀོལ་བཞིན་སྡུག་ལ་རྒྱང་ཐག་རིང་ཙམ་གནང་རོགས་སྙིང་ནས་རེ་ལྟོས་སུ་ཞུ་ཞུ།

          མདོར་ན་ལོ་གསར་པའི་ནང་ལ་བདེ་སྐྱིད་ལྡན་པར་ཤོག།

ལུས་ལ་བདེ་བའི་བཀྲ་ཤིས་ཤོག།

སེམས་ལ་སྐྱིད་པའི་བཀྲ་ཤིས་ཤོག།

བསམ་རྒུ་འགྲུབ་པའི་བཀྲ་ཤིས་ཤོག།

སྙིགས་དོར་བཅུད་ལེན་བཀྲ་ཤིས་ཤོག།

རྔུལ་ཚའི་བུ་ཕྲུག་པས་སྤྱི་ལོ་༢༠༡༧/༡/༢༧ རྒྱ་ཟླ་༡༢/༣༠ ཧོར་ཟླ་༡༡/༣༠ ཉིན་སྤོས་ངེད་ལྡན་པའི་གྲོང་ཁྱེར་ནས་གོ་ཐོས་ཟིན་ཐོ་རུ་བྲིས་བཞིན་དོན་ལྡན་དུ་གྱུར་ཅིག།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།