བསྟན་པ་དར་ནུབ་ཀྱི་ལོ་རྒྱུས་བསྟན་པ་ནི། དང་པོ་བསྟན་པ་གཡུང་དྲུང་བོན་གྱིས་བཟུང་ནས་དར་ཞིང་རྒྱས་པར་བྱས། མཁས་བཙུན་གྲུབ་པ་རྣམས་ཀྱིས་བསྟན་པ་བསྐྱངས། སྒྲུབ་པ་པོ་རྒྱལ་ཐེབས་རྣམས་ཀྱིས་བསྟན་པ་འཛིན། མཐུ་བོ་ཆེ་མན་ངག་དང་ལྡན་པ་རྣམས་ཀྱིས་བསྟན་པ་བསྲུང་། བོད་དང་ཞང་ཞུང་གཉིས་ཀ་ན་བོན་མ་ཡིན་པ་ཆོས་ཀྱི་སྐད་ཙམ་མེད། དུས་དེ་ཙམ་ན་ཞང་ཞུང་ན་གྲུབ་ཐོབ་ཙོ་མེན་གྱེར་ཆེན་དང་། བོད་ན་སྤ་ཇི་ཕྲོམ་དཀར་པོ། སྟོང་རྒྱུང་མཐུ་ཆེན། མཁས་པ་མི་བཞི། བླ་ཆེན་དྲན་པ་ནམ་མཁའི་སྐུ་ཚེའི་སྨད། སྤྲུལ་པའི་སྐུ་བཞི་ནི། བཀྲ་ཤིས་རྒྱལ་མཚན། གུ་རུབ་སྟག་ཝེར་ཤིང་སླགས། མ་ཧོར་སྟག་གཟིགས། ཚེ་སྤུང་ཟླ་བ་རྒྱལ་མཚན་དང་བཞིའོ། ཏ་པི་ཧྲི་ཙེའི་གདམས་པ་བཞག་པའི། མཆོག་ཐུན་མོང་གཉིས་ལ་མངའ་བསྙེམས་པ་ཡི། གྱེར་སྤུངས་ཆེན་པོ་སྣང་བཞེར་ལོད་པོ་བཞུགས་པའི་དུས། དུས་ཀྱི་འཁོར་ལོའི་ཤུགས་ཀྱིས་གཡུང་དྲུང་གི་བོན་ནུབ་པ་ལགས་ཏེ། རྒྱལ་པོ་ནི། ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱ། མོན་གྱི་རྒྱལ་པོ་པན་ར་ལིང་། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བཞུགས་པའི་དུས། དེ་གོང་རྒྱལ་པོ་རེ་རེ་ལ་སྐུ་འཁྲུངས་པའི་དུས་སུ། ཕྱི་བློན་གཅིག ནང་བློན་གཅིག ཕྲིན་བློན་གཅིག་དང་གསུམ་ལས་མེད། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། ཕྱི་བློན་བཅུ། ནང་བློན་བཅུ། ཕྲིན་བློན་བཅུ། སུམ་བཅུ་ཡོད་པའི་དུས་དེར་རྒྱལ་པོའི་མངའ་ཐང་ཆེ་སྟེ། སྟག་གཟིགས་ནོར་གྱི་རྒྱལ་པོ་བཏུལ་ནས། ཚོང་ལམ་མཐའ་བར་དུ་ཆུ་བོ་ཆེན་པོས་ཆོད་པ་ལས། ཤིང་རིང་གི་ཟམ་པ་འཛུགས་པ་དང་། སྐུ་སྲུང་བྱེད་པར་ཁས་བླངས་སོ། དེ་དུས་ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱ་བཞུགས་ན། ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པའི་སྟེང་དུ། སུམ་པ་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན་ལ། བོད་ལ་སྟོང་སྡེ་བཞི་བཅུ་རྩ་གཉིས། སྟོང་བུ་ཆུང་གཅིག་དང་རྩ་གསུམ་ལས་མེད་ན། ཞང་ཞུང་གི་རྒྱལ་པོ། བོད་ཀྱི་རྒྱལ་པོས་མངོན་སུམ་དུ་བཏུལ་དུ་མི་ཐུབ་སྟེ། བོད་ཀྱིས་རྒྱལ་པོའི་ཐུགས་ལ་བརྣག་པ་དང་། ངན་གྱིས་གཡོ་རྒྱུས་བཏུལ་ལོ་སྙམ་མོ། དེའི་དུས་ན་ཞང་ཞུང་གི་རྒྱལ་པོ་ལ། བཙུན་མོ་གསུམ་ཡོད་པའི་ཆུང་ཤོས། གུ་རུབ་ཟ་སྣང་སྒྲོན་ལེགས་མོ་བྱ་བ་ ལོ་བཅོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ། བོད་ཀྱིས་རྒྱལ་པོའི་ཕྲིན་བློན་པ། ཞེ་ངན་ལ་ཁོང་གདུག་པ། སྨྲ་མཁས་ལ་གཡོ་ཆེ་བ། སྣང་ནམ་ལེགས་གྲུབ་བྱ་བ་ཞིག་གིས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ཏེ། སྣང་སྒྲོན་ལེགས་མ་ལ་བྱིན་ནས་འདི་སྐད་སྨྲས་སོ། སྣང་སྒྲོན་ལེགས་པ་ཁྱོད་ལྟར་བུ། ཞང་ཞུང་རྒྱལ་པོའི་ཁབ་ཡང་ཆུན་བྱེད་པ། ཁྱོད་རང་ཨ་ཅང་ཆེས་ཏེ། བོད་ཀྱིས་རྒྱལ་པོས་ཡང་མི་བཟོད་པར་འདུག་པས་ན། འདི་སྨད་པའི་ཐབས་ཡོད་དམ། ཡོད་ན་བོད་ཀྱི་རྒྱལ་པོའི་ཁབ་ཀྱི་ཡང་ཆེན་མ་བྱ། བོད་ཀྱི་མངས་རིས་ཀྱི་སུམ་གཉིས་སྟེར་བར་འདུག་གོ་སྨྲས་པས། སྒྲོན་ལེགས་མས་ན་རེ། ཞང་ཞུང་རྒྱལ་པོ་ལ་དམག་ས་ཁེབ་པར་ཡོད། བོད་ཀྱི་རྒྱལ་པ་ལ་དམག་བ་གྲེ་མོའི་གཞུང་ཙམ་ལས་མེད་པས། མངོན་དུ་བཏུལ་དུ་མི་ཐུབ་པས། ངན་དང་ཐབས་ཀྱིས་འདུལ་ན། ཞང་ཞུང་རྒྱལ་པོ་ནི་ཟླ་བ་ཕྱི་ཏ་ལ། ཞང་ཞུང་ཡུལ་ནས། སུམ་པ་གླང་གི་གྱིམ་ཤོད་དུ། སྐྱ་རྐྱེན་དང་ཆས་ནས་འདུན་མ་ལ་བཞུད་ཀྱིས། དེར་སྒུགས་ལ་ཀྲོངས་མཛོད་ཅིག དེའི་བྱ་གཏོང་བདག་གིས་བྱ་ཟེར་ཏེ། བུ་མེད་ཀྱི་བློ་ལ་ལྟོས་པ་ཅིར་ཡང་མ་འདོད་དེ། དེ་སྐད་སྨྲས་སོ། དེར་ཚེས་དུས་ལ་འོང་པའི་བརྡ། ལ་བཙས་ཀྱི་ཁར་འཇོག་པར་ཆད་དོ། དེར་བོད་ཀྱི་རྒྱལ་བློན་དམག་མི་སྟོང་སྡེ་མང་པོ་དང་ཆས་ནས་འོངས། སྣང་ནམ་ལེགས་གྲུབ་དང་། རྒྱལ་པོ་སྔུན་ལ། ལ་བཙས་ཁར་བྱོན་ནས་ལྟས་པས། ཆུ་སླ་ང་གང་གི་ནང་ན། གསེར་ཆུང་གཅིག དུང་ཆུང་གཅིག དུག་མདེལ་གཅིག་དང་གསུམ་གདའོ། བོད་ཀྱི་རྒྱལ་པོའི་ཞལ་ནས། ཆུ་སླ་ང་གང་ནི་ཟླ་བ་ཕྱི་མའི་ཉ་ལ་འོང་བྱ་བ་ཡིན། གསེར་ཆུང་དང་དུང་ཆུང་ནི། དྭ་རའི་གསེར་ཕུག་དུང་ཕུག་གཉིས་སུ་དམག་ཆོས་ལ་སྒུགས་ཤིག་བྱ་བ་ཡིན། དུག་མདེལ་ནི་བརྣག་པ་སྐྱེད་ལ་བསྒུག་ལ་སོད་ཅིག་བྱ་བ་ཡིན་ཟེར་ཏེ། བསྒུགས་སོ། དེར་རྒྱལ་པོ་གཉིས་མཇལ་ནས། བོད་ཀྱིས་དམག་མིས་ཞང་ཞུང་གི་རྒྱལ་པོ་བཀྲོངས་སོ། དེར་ཞང་ཞུང་གི་འབུམ་སྡེ་ཕམ། བོད་ཀྱི་ཁྲི་སྡེ་ནི་རྒྱལ་ལོ། དུས་དེ་ཙམ་ན། དབུས་ཀྱི་ལྷ་ས་བྱ་བར་མི་སྡེ་ཞིག་ཅི་བྱ་བ་མ་བཏུབ་སྟེ། སྤེ་ནེ་གུ་བྱ་བའི་མོ་མ་ཞིག་ལ་མོ་བཏབ་པས། ཁྱེད་ཀྱི་མི་སྡེ་ཕུང་པ་ནི་སུས་ཀྱང་མ་ལེན་ཏེ། ཕ་མེད་པའི་བུ་ཞིག་ཡོད་པ་དེའི་ནལ་སྣ་ཟུག་པ་ཡིན་ཟེར་རོ། དེ་གང་ཡིན་བྱས་པས། ཁྱེའུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ལྕག་སྣ་བཙུག་ནས་འདི་ཡིན་ཟེར་རོ། དེ་ལ་ཅིས་ཕན་དྲིས་པས། བོན་མོ་རུས་སྣ་མི་འདྲ་བར་བཅོ་ལྔས་སེལ་ཆེན་ཞིག་གྱིས་ལ། ནལ་བུ་གླང་ཁམ་པ་ཞིག་ལ་སྐྱོན་ལ། ཁ་ནུབ་ཏུ་སྟོན་ལ་སྐད་རིགས་མི་གཅིག་པའི་ཡུལ་དུ་སྤྱུགས་ན་ཕན་ཟེར་ནས། ཁ་ཆེ་བྱེད་བྲག་སྨྲ་བའི་ཡུལ་དུ་སྤྱུགས་སོ། ཁྱེའུ་ཡང་ལས་འཕྲོ་ཅན་ཞིག་བྱུང་སྟེ། རྒྱ་གར་ཡུལ་གྱི་ཆོས་བསླབ་ནས། ལོ་ཚ་བ་བཟང་པོ་ཞིག་བྱུང་ནས། མིང་ཡང་བྷོ་ཏེ་ས་ཏྭར་བཏགས་སོ། ཁོ་སྤྱུགས་པའི་རྐྱེན་མོ་མ་བོན་པོས་བྱས་པས། རྒྱལ་བློན་གྱིས་བར་དུ་ཕྲ་མ་གསོལ་བ། བོན་སྣུབས་ལ་ཆོས་མཛོད། བཀའ་ནི་དམ་པའི་ཆོས་བདེན། བོན་འདི་མངའ་ཐང་མཐོ་ན། རྒྱལ་སྲིད་དང་། རྒྱལ་ཁམས་ཡོངས་ལ་གནོད་པར་མཆིས་པས། བོན་བསྣུབ་དགོས་ཟེར་ཏེ་ཕྲིན་བརྫངས་སོ། རྒྱལ་པོས་ཕྲ་མ་ལ་མ་གསན་པར། འོ་ན་ཉི་ཟླ་ཡང་སྣུབ་བམ། དུས་ལ་བབ་སྟེ་ནུབ་པ་སྲིད་པ་ལས། ཆེད་དུ་སྣུབ་དུ་མི་རུང་གསུངས། དུས་དེ་ཙམ་ན། ཉི་ཟླའི་འོད་ཀྱང་ཤི་བ་ཞི་བྱུང་། མོན་གྱི་རྒྱལ་མོ་པན་ར་ལིང་གིས་རྨི་ལྟས་སུ། གསེར་གྱི་ཉི་མ་སྟོང་གསུམ་ཡོངས་ལ་དྲོ་བ་ཞིག་ཤར་བས། སའི་གཏིང་དུ་ནུབ་པ་ཞིག་རྨིས་ནས། རྨི་ལམ་དེ་རྒྱལ་པོ་ཧ་ལ་ཡ་ག་ལ་བཤད། དེས་བློན་པོ་དེ་ཤི་དེ་རྩོ་ལ་བཤད། དེ་གཅིག་ནས་གཅིག་དུ་ཐོས་ནས་རྒྱལ་པོའི་སྙན་དུ་གསན་ནས། བོད་ཀྱི་རྒྱལ་པོའི་ཐུགས་དགོངས་ན་སྨྲས་པ། ནལ་བུ་འདི་འདྲ་རྒྱལ་ཁམས་སུ་སྤྱུགས་པས། ཟམ་འཕྲང་དང་ལྷོ་བལ་གྱི་ཚད་པས་མ་ཤི་བར། རྒྱལ་གར་གྱི་ཡུལ་དུ་ཆོས་བསླབ་ནས། མཁས་པར་གྱུར་ནས་བདག་ལ་ཕྲ་མ་གསོལ་ལུགས་སམ། བོན་སྐྱོང་རྒྱལ་པོ་བཀྲོངས་ལུགས་སམ། མོན་གྱི་རྒྱལ་པོའི་རྨི་ལྟས་འོང་ལུགས་སམ། གཡུང་དྲུང་གི་བོན་རིན་པོ་འདི་ནུབ་ནུབ་འདྲ་གསུངས་ནས་བསྣུབས་སོ། ཞང་ཞུང་གི་ཁྲི་སྡེ་ནི་ཡར་ཆད། སུམ་པ་སྟོང་སྡེ་ནི་མར་བུད། བོད་སིལ་བུར་སོང་བའི་དུས་དེར། ཞང་ཞུང་རྒྱལ་པོའི་ཁམ་ཆེན་མ་ཁྱུང་ཟ་མཚོ་རྒྱལ་དེས། བོད་ཀྱི་རྒྱལ་པོ་ལ་ཐུགས་ཀྱི་བརྣག་པ་སྐྱེས་ནས། གྱེར་སྤུངས་སྣང་ཞེར་ལོད་པོ་སྤྱན་དྲངས། ཟ་འོག་དགུ་རིམ་གྱི་གདན་བཏིངས། དར་དཀར་ཤ་བ་རིས་ཀྱི་གུར་ཕུབ། འབྲས་ཆང་དེང་པ་དྲངས། བདའ་དགུ་དང་འདོད་དགུ་ནི་ཕུལ། གདུང་བའི་མཆི་མ་ཁྲག་ཏུ་གཏིགས་ནས་ཞུས་པ། བོན་སྐྱོང་རྒྱལ་པོ་ནི་བཀྲོངས། བོན་ཁྲིམས་དར་གྱི་མདུད་པ་ནི་ཞིག །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག བོན་ཁམས་སིལ་བུར་སོང་། གཡུང་དྲུང་བོན་གྱི་བསྟན་པ་ནི་ནུབ། འདི་ལྟར་བུའི་དུས་བྱུང་པས། ཐུགས་ཀྱི་བརྣག་ཞུ་འཚལ་ཞུས་པས། སྣང་ཞེར་ལོད་པོའི་ཞལ་ནས། ང་ལ་སྤུ་བྱ་བ་གསེར་སྲང་གཅིག་ལ་ལོ་གསུམ་བསྒྲུབས་ནས་བཏང་ན། བོད་ཁམས་རླུང་གིས་འཁྱེར་བ་ཡོད་པ་འདི་བྱ་འམ། ཁྱུང་བྱ་བ་གསེར་སྲང་ཕྱེད་ལ་ཟླ་བ་གསུམ་བསྒྲུབས་ནས་བཏང་ན། ཡར་ལུང་སོགས་ཀའི་ཁྲི་སྲོང་ལྡེ་བཙན་འཁོར་དང་བཅས་པ་ཕུང་པ་ཡོད་པ་དེ་བྱ་འམ། རྔུབ་བྱ་བ་གསེར་ཞོ་གཅིག་ལ་ཞག་བདུན་གཅིག་ལ་བསྒྲུབས་ནས་བཏང་ན། རྒྱལ་པོ་ཉིད་སོད་པ་ཡོད་པ་འདི་བྱ་འམ། གསུངས་པས། མཚོ་རྒྱལ་གྱི་ཞལ་ནས་རྔུབ་མཛད་པར་འཚལ་ལོ་ཞུས་པས། གྱེར་སྤུངས་ཆེན་པོ་ད་རོག་མཚོ་གླིང་ལ། དར་དཀར་ཤ་བ་རིས་ཀྱི་གུར་ཕུབ། ཟ་འོག་དགུ་རིམ་གྱི་གདན་ལ་བཞུགས་ནས། ཞག་བདུན་བསྒྲུབས་ནས། གསེར་ཞོ་གཅིག་གསུམ་དུ་བཅད་ནས། སུམ་ནམ་གཅིག་སྲོད་ལ་འཕང་པས། སོག་ཁ་སྤུན་པོའི་རི་ལ་ཤ་བ་བདུན་ཉལ་བ་རྒྱབ་ནས། གཉིས་ཤི་ལྔ་རེངས་པས། ཤ་བ་རེངས་ཀྱི་རི་བྱ་བ་ཡོད་དོ། སུམ་ནམ་གཅིག་ཐོ་རངས་འཕང་པས། སྐུ་མཁར་བྱི་བ་སྟག་རྩེ་ལ་རྒྱབ་ནས། རྒྱལ་པོ་སྙུང་གིས་ཟིན་ནོ། རྒྱལ་པོ་རིག་པ་ཅན་དེས་ཞལ་ནས། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས། བོན་སྐྱོང་པོ་བཀྲོངས། ད་ནང་ཐོ་རངས་ཙྭོ་འོང་ལུགས་ཀྱིས། གྱེར་སྤུངས་ཆེན་པོ་ཐུགས་ཁྲོས་པ་ཡིན་པས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ལ། མི་རྟ་བརྒྱ་ཐམ་པ་ཆོས་ཤིག གྱེར་སྤུངས་དེ་ལ་ང་གསོ་བའི་ཐབས་ཡོད་དོ། དེ་གདན་མ་འགྲོངས་ན་ང་ནི་མྱུར་དུ་འཆི་བ་འདྲ་གསུངས་སོ། དེར་རྟ་པ་བརྒྱ་དྲྭ་བྱེའི་ལུང་པར་ཕྱིན་ནས། ཞང་ཞུང་གི་རྫི་བོ་ལ་བོད་ཀྱི་རྟ་པ་རྣམས་ཀྱིས་གཏམ་དྲིས་པ། གྱེར་སྤྱངས་ཐུགས་ཀྱི་བརྣག་པ་ཕྱུངས་ནས་བོད་ཀྱི་རྒྱལ་པོ་བསྙུང་། གྱེར་སྤུངས་ལ་སྐུ་རྒྱལ་འབུལ། སྤྱན་འདྲེན་པས་གང་ན་བཞུགས་དྲིས་སོ། རྫི་བོས་སྨྲས་པས། མཚོ་གླིང་ཉེ་བྲག་དཀར་པོ་མ་གིའི་རྩ་ན་དར་དཀར་ཤ་བ་རིས་ཀྱི་གུར་ཕུབ་ན་ཡོད། སྐུ་མ་ངེས་ཏེ་ཅིར་ཡང་སྤྲུལ་ཟེར་རོ། དེར་མཚོ་ལ་གྲུ་གཏང་ནས་ཕྱིན་པས། ཟ་འོག་གི་གདན་དགུ་རིམ་གྱི་སྟེང་ན། ཤེལ་གྱི་རྣ་རུར་སྤྲུལ་ནས་འདུག་པ་ལ། གསེར་ཕྱེ་འབྲོང་རུ་གང་ཕུལ་ནས་བསྐོར་བ་དང་ལྷ་ཕྱག་བྱས་པས། ཤེལ་གྱི་རྣ་རུ་གྱེར་སྤུངས་སུ་སྐུ་བཞེངས་ནས་གསུངས་པ། བོན་སྐྱོང་རྒྱལ་པོ་བཀྲོངས། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས། ཐུགས་ལས་བརྣག་པ་སྐྱེས་ནས་ཀྱང་། བོད་ཀྱི་རྒྱལ་པོ་བཀྲོངས་ནས་བོད་ཁམས་ཕུང་ནས་འགྲོ་བ་ལ། ད་ངས་སྨྲས་པ་ཁས་ལེན་ནམ་གསུངས་། བློས་པོས་ཞུས་པ། རྗེ་ཁྲི་སྲོང་ལྡེ་བཙན་གྱིས་ཞལ་ནས། དང་པོ་གཡུང་དྲུང་བོན་བསྣུབས་པ་ཡང་ངས་མ་ཉེས་ཏེ། བྷོ་ཏི་ས་ཏ་དང་རྒྱ་གར་གྱི་མཁན་པོ་རྣམས་དང་། འཁོར་གྱི་བློན་པོ་རྣམས་ཀྱིས་ཕྲ་མ་ལགས། ད་ཅི་ལྟར་གསུངས་པ་བཀའ་ཉན་ཞུས་པས། འོ་ན་ངའི་ཚིག་བཞི་འདི་སྟེར་རམ། ངས་སྤྱོད་པའི་ཞང་ཞུང་གི་བོན་སྡེ་སུམ་བརྒྱ་དྲུག་ཅུ་མི་བསྣུབ་པ་དང་གཅིག གུ་རུབ་ཀྱི་མི་སྡེ་འདི་ལ་ཡུལ་ཡར་ལུང་སོགས་ཁ་བྱིན་ནས། བླ་དང་དཔོན་གྱིས་ཁྲལ་མེད་པར་གཡས་གྲལ་ལ་འཇོག་པ་དང་གཉིས། རྗེ་ལིག་མི་རྒྱའི་སྐུ་ཚད་དུ། གསེར་གྱི་མཆོད་རྟེན་ལ་གཡུང་དྲུང་འདོམས་གང་དགར་བ་དང་། ཁྱུང་ཟ་མཚོ་རྒྱལ་གྱི་སྤྱན་སྔར། ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་གྱི་སྟོང་འཇལ་བ། གཙིགས་སུ་སྦྱིན་ནམ་གསུངས་སོ། དེར་དབང་བློན་མི་གསུམ་གྱི་ཁས་བླངས་སོ། དེ་ནས་གྱེར་སྤུངས་རྗེའི་སྤྱན་སྔར་གདན་སྐྱོད་ནས། ཕྱིར་ལྡོག་གི་ཆོ་ག་གསང་ཐིས་འཕར་མ་དགུ་བསྐོར་མཛད། རྗེའི་བུ་ག་དགུ་ནས་གསེར་གྱི་སྐུད་པ་དར་སྐུད་སྒྲིལ་མ་ཙམ་རེ་ཡང་བཏོན་ནོ། སྲང་ལ་བཅལ་བས་སུམ་ནམ་གཅིག་བཏོན་ནོ། དེའི་རྗེ་ལ་ཁྲག་ངན་དང་རྣག་དང་ཆུ་སེར་ལས་སོགས་པ་མང་དུ་བཏོན་བསྙུངས་པ་གདངས་སོ། རྒྱལ་པོ་ཡང་ཤིན་ཏུ་དྲིན་ནས་ཞང་ཞུང་བོན་སྡེ་རྣམས་མ་བསྣུབས་སོ། གུ་རུབ་ཀྱི་མི་སྡེ་ལ་ཡུལ་སོག་ཁ་དང་། གྲལ་གཡས་ལ་བཞག་གོ ཞང་ཞུང་རྒྱལ་པོའི་སྐྱ་ཚད་དང་མི་སྟོང་བཅུ་གསུམ་བཙུན་མོའི་སྤྱན་སྔར་བརྫངས་སོ། དེར་གཡུང་དྲུང་གི་བོན་དར་ཞིང་རྒྱས་པར་བཞུགས་དུས། བཀའ་བྱིན་རླབས་ཀྱི་བདག་པོ་གྱེར་སྤུངས་སྣང་བཞེར་ལོད་པོ་ལ། མཁས་པ་གྲུབ་ཐོབ་སྟོང་རྒྱུང་མཐུ་ཆེན་གྱིས་ཞུས་ཏེ། བོན་སྒོ་བསམ་གྱིས་མི་ཁྱབ་པ་ཞུས་སོ། དེ་རྣམས་ཁ་བྱང་རྒྱས་པར་གསལ། འདི་ནི་སྡུས་པའི་བོན་མི་ནུབ་པའི་གཏན་ཚིགས་ཟུར་ཙམ་བསྟན་པ་ལགས་སོ། སརྦ་མངྒ་ལཾ། དགེའོ།