༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > བོན་སྒོ། > 6 ཆོས་ལུགས་སྣ་ཚོགས།
6 ཆོས་ལུགས་སྣ་ཚོགས།
གཡུང་དྲུང་བོན་བསྟན་རྒྱས་པའི་སྨོན་ལམ་སྤྱི་ཕུད་གཡུ་འབྲུག་གྲག་པའི་ང་རོ་ཞེས་བྱ་བ་བཞུགས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-15] [རྩོམ་པ་པོ།:ནམ་མཁའ་རང་གྲོལ་རྩལ།] [གཟིགས་ཐེངས:]

    ཨེ་མ་ཧོ། ཕྱོགས་བཅུའི་དུས་གསུམ་རྒྱལ་བ་སྲས་བཅས་དང་། །སྟོབས་བཅུས་རབ་བརྗིད་དམུ་རྒྱལ་གཤེན་རབ་ཀྱི། །བཅུ་གཉིས་དྲུག་ཅུ་མཛད་པའི་འཁོར་ལོ་ཡི། །ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་དང་། །ཕྱི་ནང་གསང་གསུམ་བརྒྱད་ཁྲི་བཞི་སྟོང་བོན། །རྒྱལ་གཤེན་བསྟན་པ་དུས་འདིར་འབར་གྱུར་ཅིག །ཞང་བོད་རིག་འཛིན་གྲུབ་ཐོབ་བརྒྱད་ཅུ་དང་། །སྙིགས་མའི་མགོན་གྱུར་བླ་ཆེན་ཡབ་སྲས་ཀྱིས། །སྣ་ཚོགས་མཛད་པའི་རྣམ་ཐར་པད་མའི་མདངས། །གདུལ་བྱའི་སྣང་ངོར་སྒྱུ་འཕྲུལ་རོལ་པའི་རྩེར། །གསང་ཆེན་བོན་བསྟན་ནུབ་མེད་འབར་གྱུར་ཅིག །རྗེ་བཙུན་དམ་པ་མཉམ་མེད་བླ་མ་ཡི། །རིང་ལུགས་འགྲན་བྲལ་རྨད་བྱུང་མཚུངས་མེད་དེ། །བཤད་སྒྲུབ་སྒོམ་པའི་བསྟན་པ་རིན་པོ་ཆེ། །ནུབ་མེད་སྲིད་མཐའི་བར་དུ་འབར་གྱུར་ཅིག །རྒྱལ་སྲས་གཏེར་བཏོན་སྤྲུལ་སྐུ་རྣམ་བཞི་ཡི། །བཀའ་གཏེར་མན་ངག་ཡང་གསང་རྗོགས་ཆེན་བཅུད། །བསྟན་པ་ནུབ་མེད་ཡུན་རིང་འབར་གྱུར་ཅིག །ཁྱད་པར་གྲུབ་དབང་བཀྲ་ཤིས་རྒྱལ་མཚན་གྱི། །ཡང་རྩེ་བླ་མེད་རྗོགས་ཆེན་སྐུ་གསུམ་བོན། །ས་གསུམ་འཛམ་གླིང་རྒྱན་དུ་ཁྱབ་པ་དང་། །ནུབ་མེད་བསྟན་པ་ཡུན་རིང་འབར་གྱུར་ཅིག །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ཡིས། །དྲང་ངེས་གཉིས་བསྡུས་གཡུང་དྲུང་བོན་འཁོར་སྐོར། །བདག་བློ་རིམ་གཉིས་གསང་ཆེན་ཟབ་མོའི་བཅུད། །བསྙེན་སྒྲུབ་ཉམས་ལེན་ཡང་དག་བསྟན་པའི་སྙིང་། །དེར་བརྟེན་འདུས་གྲྭ་སློབ་ཚོགས་བརྒྱ་སྟོང་འཕེལ། །སྲིད་མཐའི་རྒུད་ཚོགས་མ་ལུས་ཀུན་སེལ་ཞིང་། །བཀའ་འཁོར་གསུམ་གྱིས་འགྲོ་བའི་རྒྱུད་གྲོལ་ནས། །མཐར་ཐུག་ཚོམས་གཅིག་གདོད་མའི་རྒྱལ་ས་རུ། །འཕོ་ཆེན་འཇའ་ལུས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའི་སྨོན་ལམ་འདི་ནི་གསང་བདག་གསང་བ་འདུས་པའི་རྣམ་རོལ་འཁྲུལ་ཞིག་ནམ་མཁའ་རང་གྲོལ་རྩལ་སྟག་ཞིག་དགོན་གྱི་གཙུག་ལག་ཁང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིའི་སྟེང་དུ་ཐེངས་དང་པོར་འཁོད་སྐབས་གསུངས་སོ།།   ༢༠༡༡ ༨ ༤





སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།