༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2026 ལོའི་ཟླ 10 ཚེས 29
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > བོན་སྒོ། > 6 ཆོས་ལུགས་སྣ་ཚོགས།
6 ཆོས་ལུགས་སྣ་ཚོགས།
​ཉམས་མྱོང་དོན་གྱི་གླུ་ཆུང་། །དམ་ཚིག་དྷཀྐི་ལུང་ཕྲན་བཞུགས།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-15] [རྩོམ་པ་པོ།: ནམ་མཁའ་རང་གྲོལ་རྩལ།] [གཟིགས་ཐེངས:]

8c--10副本.jpg

ཨཿགཞི་ཀ་དག་གདོད་མའི་ཀློང་ཡངས་ནས། །

ལམ་གསལ་སྟོང་དབྱེར་མེད་ངོ་བོ་གཤིས། །

འབྲས་རེ་དོག་བཅོས་སླད་མེད་པ་ཡི། །

རང་སེམས་ཉིད་རིག་པའི་རྒྱལ་པོར་འདུད། །

 

ཕ་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །

གྲོགས་རང་སེམས་དཀྱིལ་འཁོར་སུམ་ལྡན་པ། །

མ་ཡེ་ཤེས་དབལ་མོའི་བརྩེ་བས་སྐྱོང་། །

རྗེ་བླ་ཆེན་ཡབ་སྲས་རྣམ་གསུམ་དང། །

གཏེར་བདག་ཉིད་བྷེེ་རོ་གསང་རྩལ་སོགས། །

སྐྱབས་རིགས་བདག་བླ་མར་གསོལ་བར་འདེབས། །


དུས་ལྔ་སྙིགས་བསྐལ་པའི་ཁུག་སོ་ན། །

ལམ་གྲོལ་ལམ་ཉམས་ལེན་རྫོགས་པ་ཆེ། །

སྒོམ་ལྟ་སྤྱོད་རྟུལ་ཤུགས་བྱུང་རྒྱལ་ངང་། །

སེམས་རེ་མེད་དོག་མེད་འབྲས་བུའི་གཤིས། །

བུ་སྤྲང་ཕྲུག་གཏན་གྱི་ཚུགས་འདི་བཟུང་། །

 

དུས་ངན་གྱི་མི་རྣམས་སྙིང་རེ་རྗེ། །

བླ་སྤྲུལ་རྣམས་མཁས་གྲགས་རང་འདོད་ཆེ། །

ངོས་དགའ་དང་རྫུན་གཡོ་ཆགས་སྡང་ཅན། །

ཁ་བདེ་བའི་དྲན་འཕྲུལ་ངན་སོང་རྒྱུ། །

ལོ་ཟླ་གྲངས་བོན་ལ་ཐོས་བསམ་སྦྱངས་། །

སེམས་དུག་ལྔ་བསྒོམས་ནས་ཕྲག་དོག་སྐྱེ། །

ཐེག་ཆེན་དང་ཐེའུ་རང་ནོར་བ་དང་། །

གདམས་ངག་དང་གཏམ་དཔེ་ནོར་བ་འདྲ། །

འཁྲུལ་སྣང་གི་འཁོར་བ་རང་གིས་བཟོས། །

རྒྱུ་འབྲས་བུ་ཁ་བཤད་དོན་ལ་རྨོངས། །

དུས་སྙིགས་མའི་སེམས་ཅན་སྙིང་རེ་རྗེ། །

 

བུ་བརྟུལ་ཞུགས་སྤྲང་ཕྲུག་རྣལ་འབྱོར་ང་། །

རོ་སྙོམས་ཀྱི་སྤྱོད་པ་དལ་གྱིས་གློད། །

ཚེ་སྔོན་ནས་དམ་ཚིག་གཅིག་འབྲེལ་གྲོགས། །

གསང་དབང་བཞི་གཅིག་རྫོགས་གཡུང་དྲུང་སྤུན། །

དོན་དམ་ཚིག་གཅིག་འབྲེལ་སྙིང་གཏམ་འདི། །

བུ་ཐོས་ཆུང་ཁ་ནས་ཐོལ་ལེར་ཤོར། །

 

སྙན་གྲགས་འདི་དུག་ཤིང་ལོ་མ་འདྲ། །

གང་རེག་ཚད་ཉོན་མོངས་རང་མགོ་འཁོར། །

རྒྱུ་ནོར་འདི་དུག་ཆང་འཐུང་པ་འདྲ། །

གང་མྱོང་ཚད་འདོད་པའི་དུག་ཏུ་འགྱུར། །

མི་ཆོས་འདི་ནེ་ཙོའི་ལུས་ཅན་འདྲ། །

སེམས་དུག་ལྔ་བསྒོམས་པའི་ས་བོན་འགྱུར། །

རྗེ་བླ་མའི་ཐུགས་ཟིན་དམ་ཚིག་གསོ། །

འབངས་མཆེད་གྲོགས་ངོ་བཟུང་འཛུམ་ཁ་སྟོན། །

ནང་དུས་དྲུག་མཆོག་གསུམ་སྐྱབས་གནས་མཆོད། །

འདི་ལྷ་ཆོས་སྒྲུབ་པའི་མི་ཆོས་ཡིན། །

 

མིང་སྙན་གྲགས་བསམ་པའི་བཤད་སྒྲུབ་སྡེ། །

སེམས་ཆགས་སྡང་ཁེངས་བའི་བླ་སྤྲུལ་མཁན། །

རྒྱུ་ནོར་ལ་དད་པའི་བཙུན་གཟུགས་དང་། །

ཉོན་མོངས་ཀྱི་ཁ་ཁྲིད་སྔགས་འཆང་བ། །

བདག་འཛིན་གྱིས་བཅིངས་བའི་སྤྱོད་པ་སོགས། །

གྲོགས་དེ་རྣམས་མི་འདོད་མཉམ་པར་ཞོག །

 

ཕ་རིག་འཛིན་གྲུབ་བརྒྱའི་བྱིན་རླབས་དང་། །

མ་མཁའ་འགྲོའི་བརྡ་དངོས་ལུང་སྟོན་དང་། །

བུ་དགོངས་ཟབ་སྙིང་བཅུད་ཀློང་རྡོལ་གཏེར། །

འདི་ཚེ་རབས་བསགས་པའི་བསོད་ནམས་ཡིན། །

དུས་ཀུན་ཏུ་བསྟན་འགྲོའི་དོན་ནུས་ཤོག །

 

མིང་སྙན་གྲགས་བསམ་པའི་མི་ཆོས་དང་།

རང་བདེ་སྐྱིད་འདོད་པའི་འདོད་སེམས་ཅན། །

རྒྱུད་གྲུབ་མཐར་ཆགས་སྡང་སྤང་བླང་སོགས། །

མི་ང་ཡིས་མི་ཤེས་ངོ་མི་སྲུང་། །

 

དྲིན་སུམ་ལྡན་རྩ་བའི་བླ་མ་དང་། །

 དབང་དམ་ཚིག་འདྲེས་པའི་སྤུན་གྲོགས་རྣམས། །

སེམས་ངེས་དོན་བསྟན་པའི་སློབ་མའི་ཚོགས། །

ཐུགས་དགོངས་འཚོམས་མེད་པ་འཕྲིན་འདི་གསོན། །

སྤྲང་ལོ་བརྒྱ་བསྒོམས་པའི་ཉམས་ལེན་དོན། །

མ་མཁའ་འགྲོའི་གསང་བའི་དམ་ཚིག་གནད། །

བོན་ཐེག་ཆེན་གདམས་ངག་སྙིང་པོའི་བཅུད། །

བུ་ཐོས་ཆུང་དམ་ཚིག་འཕྲིན་འདི་བཞག །

 

ནང་སེམས་ཉིད་བདེ་སྟོང་འོད་གསལ་ངང་། །

ཕྱི་སྣང་བ་སྣ་ཚོགས་རྩིས་གདབ་ཟད། །

དོན་འཁོར་འདས་མཉམ་པའི་ཉམས་ལེན་འདི། །

དུས་ཀུན་ཏུ་འབྲལ་མེད་སྐྱོང་ནུས་ཤོག །

 

ཚེ་གོང་ནས་སྒྲུབ་པའི་དབལ་མོའི་ཡུམ། །

དུས་ཀུན་ཏུ་སྐྱོང་མཛད་ཞལ་གྱིས་བཞེས། །

བུ་སྐལ་ལྡན་བདེན་པའི་དཔུང་གྲོགས་མཛོད། །

བསྟན་འགྲོ་དོན་གེགས་མེད་ལྷུན་གྲུབ་ནས། །

མཐར་འཇའ་ལུས་འགྲུབ་པའི་བཀྲ་ཤིས་ཤོག །

           ཅེས་སྙིགས་མའི་སྔགས་འཆང་ཀུན་བཟང་བསྟན་འཛིན་རིན་པོ་ཆེའི་ཉམས་མྱོང་གྱི་རང་གཤིས་མ་བཅོས་ངང་གང་དྲན་གདམས་པའོ།  །ཚ་རོང་ཤེས་རབ་འོད་ཟེར་ནས་སྤྱི་ལོ་༢༠༡༠ ལོའི་བོད་ཟླ་༥ པའི་ཚེས་༢༩ ཉིན་གློག་ཀླད་དུ་སྤེལ།




སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།