སྤོང་རྟོགས་ཕུལ་ཕྱིན་སངས་རྒྱས་གཅིག།
བདེན་གཉིས་ཟུང་འབྲེལ་བོན་མཆོག་གཉིས།
ལམ་ཞུགས་གཡུང་དྲུང་སེམས་དཔའ་གསུམ།
འབྲལ་མེད་དད་པས་བཀུར་ན་བསམ།།
བཤད་སྒྲུབ་དབང་བསྒྱུར་སྐལ་གཡུང་གཅིག།
སྐལ་ཕྲན་སྟོན་པ་བསྟན་རྣམ་གཉིས།
རིགས་བརྒྱའི་ཁྱབ་བདག་ཤེས་ཚུལ་གསུམ།
སྤྱི་བོའི་རྒྱན་དུ་སྤྲས་ན་བསམ།།
བསླབ་སྟོན་ཁུ་བོ་བསོད་སྟོབས་གཅིག།
དགེ་རྒན་ཆེན་མོ་གསང་སྔགས་གཉིས།
གཅེས་བསྐྱངས་མཁྱེན་ལྡན་རྣམ་ཚུལ་གསུམ།
གདམས་ངག་སྙིང་དཀྱིལ་ཉར་ན་བསམ།།
སྣོད་བཅུད་དབང་སྒྱུར་སྲིད་རྒྱལ་གཅིག།
ཉེས་ལེགས་གཏང་འཛིན་ཉི་སད་གཉིས།
མགོན་སྐྱོབ་མྱུར་བའི་སེང་སྟག་གསུམ།
གསོལ་མཆོད་ཆད་མེད་འབད་ན་བསམ།།
བརྩེ་ལྡན་བྱམས་བསྐྱངས་མ་ལོ་གཅིག།
ཤེས་ལྡན་ཕུག་སེམས་ཕ་ལོ་གཉིས།
དགེ་ལྡན་མིང་སྲིང་ཕུ་ནུ་གསུམ།
དྲིན་ལན་དགེ་བས་འཇལ་ན་བསམ།།
རྒྱུད་གསུམ་དཔོན་གསས་རིག་འཛིན་གཅིག།
ཡིད་དམ་སྡེ་དགུའི་དཀྱིལ་འཁོར་གཉིས།
གནས་གསུམ་མ་སྲིང་མཁའ་འགྲོ་གསུམ།
དངོས་ཡིད་མཆོད་ཚོགས་འབུལ་ན་བསམ།།
ངན་སོང་སྡུག་པའི་སྡུག་བསྔལ་གཅིག།
མཐོ་རིས་འགྱུར་བའི་སྡུག་བསྔལ་གཉིས།
སྤྱི་བརྩན་འདུ་བྱེད་སྡུག་བསྔལ་གསུམ།
བསྔོ་སྨོན་རྒྱས་གདབ་བྱས་ན་བསམ།།
སེམས་ཅན་རྣམ་གྲངས་རིགས་དྲུག་གཅིག།
ཐར་མེད་འཕྱན་པའི་ཁམས་གསུམ་གཉིས།
རྒྱུ་རྐྱེན་རྒྱུད་པའི་ལམ་ལྔ་གསུམ།
ཚད་མེད་བཞི་ཡིས་བསྐྱང་ན་བསམ།།
གོང་མའི་སྲོལ་བཟང་མཛད་འཕྲིན་གཅིག།
ཚོགས་བསགས་སྒྲིབ་སྦྱོང་སྟབས་བདེ་གཉིས།
མགྲོན་བཞི་ཆབས་ཅིག་མཉེས་དང་གསུམ།
སྦྱིན་བཞི་ཉམས་ལེན་གཟབ་ན་བསམ།།
ཐོས་པའི་ལུང་རིགས་གཏན་དབབ་གཅིག།
བསམ་གཞིག་ཡིན་ལུགས་སྤྲོས་བྲལ་གཉིས།
སྒོམ་སྒྲུབ་སྐུ་གསུམ་ཀློང་རྡོལ་གསུམ།
མི་ཚེ་འགྱོད་མེད་སྐྱེལ་ན་བསམ།།
རྒྱུ་འབྲས་ཞིབ་བསྲུང་འདུལ་ཁྲིམས་གཅིག།
སྣང་སེམས་རབ་དག་གསང་སྔགས་གཉིས།
ཡེ་གྲོལ་རང་གྲོལ་གསང་སེམས་གསུམ།
དགའ་སྤྲོའི་ངང་ནས་བསྒྲུབ་ན་བསམ།།
རྒྱ་གྲོང་བྲེལ་འཚུབ་ཆེ་དང་གཅིག།
སྣ་མང་མི་རྟག་སྟོན་དང་གཉིས།
འདོད་ཡོན་ཚིམ་པ་མེད་དང་གསུམ།
ཆགས་ཞེན་གཏིང་ནས་བཅད་ན་བསམ།།
ཡུལ་དྲུག་སྣ་ཁ་མང་དང་གཅིག།
འདོད་སེམས་ཁེངས་པ་མེད་དང་གཉིས།
འགྲན་རྩོད་འཕེལ་ཁ་མྱུར་དང་གསུམ།
ནོར་བཟང་ཆོས་ཤེས་བསྟེན་ན་བསམ།།
དྲིན་ཅན་དམ་པའི་ཟབ་གདམས་གཅིག།
འདུ་འཛི་དབེན་པའི་རི་ཁྲོད་གཉིས།
རང་བྱུང་དྲི་བྲལ་རང་རིག་གསུམ།
དལ་རྟེན་འདི་ལ་འགྲིག་ན་བསམ།།
རྒྱུ་རྐྱེན་བྲལ་བའི་རང་འབྱུང་གཅིག།
འབད་རྩོལ་མི་དགོས་རང་རིག་གཉིས།
འདུ་འབྲལ་མེད་པའི་ངང་ཉིད་གསུམ།
རང་ལུགས་སོ་མར་བཞག་ན་བསམ།།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་གཅིག།
སྐྱེ་འགྲོའི་བསོད་ནམས་ཕྱོགས་འཕེལ་གཉིས།
ལས་བཟང་རྣམ་དཀར་ཚོགས་བསག་གསུམ།
དྭངས་བཞིན་རྟེན་གསུམ་བཞེངས་ན་བསམ།།
བདེ་ཐང་རྐྱེན་རྩ་འཕྲོད་བརྟེན་གཅིག།
མི་གྲལ་འདུག་ལ་མི་ཆོས་གཉིས།
ཕྱིས་འགྱོད་མི་དགོས་དགེ་སྦྱོར་གསུམ།
བདེ་སྐྱིད་འབྱུང་བས་བླངས་ན་བསམ།།
དལ་འབྱོར་རྟེན་མཆོག་རང་དབང་གཅིག།
ལམ་བཟང་ཆ་ཚང་དགེ་སྤྱོད་གཉིས།
མཐུན་རྐྱེན་ཕུན་སུམ་ཚོགས་དུས་གསུམ།
སྒོ་གསུམ་སྐུ་གསུམ་བསྒྱུར་ན་བསམ།།
གཞན་གྱིས་སྨད་པའི་གཏམ་གླེང་གཅིག།
ཕྱོགས་ནས་བསྟོད་པའི་ཚིག་ཚོགས་གཉིས།
རང་ཉིད་དཔའ་དྲེག་སེམས་ཞུམ་གསུམ།
གཞུང་དྲངས་གཏང་སྙོམས་བཞག་ན་བསམ།།
དེ་ལྟར་མཐོང་ཐོས་བསགས་བྱས་གཅིག།
རང་བཅུན་རང་གིས་དྲན་བསྐུལ་གཉིས།
ཡ་མ་བརླ་བའི་ཚིག་སྦྱོར་གསུམ།
གཞན་ལ་མ་ཡིན་ངོ་ཚ་བསམ།།
བལྟ་ཐོས་ལེགས་བྱའི་ཟབ་བཅུད་གཅིག།
ལྔ་ལྔའི་དུས་ཆེན་ཉིན་མོ་གཉིས།
སྤོས་ངད་ལྡན་པའི་གྲོང་ཁྱེར་གསུམ།
སུམ་འཛོམ་རྔུལ་ཚའི་བུ་ཕྲུག་པས།།
2017/5