
གང་སྐུ་ལྷུན་པོ་གསེར་གྱི་རི་ལྟར་བརྗིད།།
གང་གསུང་བདུད་རྩི་མ་པང་མཚོ་ལས་ཟབ།།
གང་ཐུགས་གཡོ་མེད་བྱམས་བརྩེས་རྒྱུད་བརླན་ཞིང་།།
གང་ལ་གང་འདུལ་དེར་སྟོན་བླ་མར་འདུད།།
སྙིག་མ་ལྔ་བདོའི་དུས་ཀྱི་ཁུག་སོ་ནས།།
མ་རབས་ལས་ངན་འཁྲུག་རྩོད་རྒྱས་པའི་དུས།།
མི་རྣམས་ཕྲག་དོག་འདུག་བཟོད་མེད་པའི་སྐབས།།
བླ་མ་ཁྱེད་ཉིད་གདུལ་བྱའི་ཁམས་བསྟུན་མཁས།།
ངོ་ཚ་ཁྲེལ་ཡོད་བོད་མིའི་ཁྱད་གཤིས་དང་།།
བག་ཡོད་ཚུལ་ལྡན་སྤྱི་ཚོགས་རིགས་འདྲེས་ནས།།
རྒྱུན་ཤེས་བསླབ་བྱ་ཁོར་ཡུག་སྲུང་སྐྱོབ་དང་།།
གཙང་སྦྲ་འཕྲོད་བསྟེན་དགོས་གལ་ཆེ་བའི་གནད།།
གདམས་ངག་ལེགས་བཤད་ཆར་ཆེན་འབབ་པ་བཞིན།།
མང་ཚོགས་ཀུན་ལ་བསམ་པའི་ཟས་མཆོག་སྦྱིན།།
ཟས་ཀྱི་མཆོག་ནི་སྐྱབས་འགྲོའི་བསླབ་བྱ་དང་།།
སྔོན་འགྲོ་དངོས་གཞི་འཕོ་བ་རྩ་རླུང་སོགས།།
འདི་ཕྱི་གཉིས་ཕན་སྐྱབས་ཀྱི་མགོན་པོ་ཁྱེད།།
སྐྱ་སེར་ཀུན་གྱི་དད་པའི་གཙུག་རྒྱན་ཉིད།།
ཤར་རྫའི་མཛོད་ཆེན་ལྔ་པོའི་ནོར་མཛོད་དེ།།
ཟད་པ་མེད་པའི་ཁྱེད་ཀྱི་བོན་ཁྲིད་ལགས།།
ཆབ་དཔལ་རིག་གསུམ་ཀུན་ལ་མཐོང་རྒྱ་ཅན།།
འཛམ་གླིང་ཤར་ནུབ་ཀུན་གྱི་ལེགས་བཤད་དག །
ཐོགས་པ་མེད་པའི་ཁྱེད་ཀྱིས་ཁོག་དབུབ་ནས།།
མགོ་ཟླུམ་ཁེར་རྐྱང་དག་ལ་དུས་ལྟར་སྦྱིན།།
ཆབ་སྲིད་ཁྲིམས་ལུགས་ཤེས་བྱ་དགོས་གལ་ཅན།།
དུས་ཐོག་ཆར་པ་གཟེར་ཐོག་མེ་རྩ་བཞིན།།
ཀུན་ལ་མཁོ་གལ་ཅན་གྱི་གནད་ཀ་དག །
ཐོགས་མེད་ཆུ་བོ་བཞུར་བཞུར་གདམས་པ་ཡོད།།
དཔལ་འབྱོར་རིག་པའི་ཤེས་བྱ་སྣ་མང་ཡོད།།
ཕ་མེད་མ་མེད་དྭ་ཕྲུག་སྟོང་གྲངས་འགའི།།
གནས་སྡོད་རྒྱབ་ཟས་ཀུན་གྱི་དཀའ་ངལ་སེལ།།
ཁྱེད་ནི་དོན་དུ་སྦྱིན་བདག་གསོན་པོ་ཡིན།།
ཚན་རིག་ཤེས་བྱའི་རིགས་ལ་མ་རྨོངས་ཏེ།།
ཡོད་ཚད་ཆོས་ལུགས་འདི་ལ་ཁག་འགེལ་ནས།།
ནམ་ཡང་སྒྱིད་ལུགས་འོག་ཏུ་མི་སྒུར་ནས།།
གང་ནས་བལྟས་ན་དབུ་འཕང་དགུང་ལས་མཐོ།།
མེས་པོ་གཤེན་རབ་མི་བོའི་བཀའ་གསུང་དག །
ཁྱིམ་ཕུག་སྒམ་གོག་ནང་དུ་མ་བཞག་ནས།།
ཚན་རིག་འཕྲུལ་བཟོའི་གློག་གི་དྲ་བ་ནས།།
འཛམ་གླིང་སྒང་དུ་ཀུན་ལ་ལོངས་སྤྱོད་སྤེལ།།
བླ་མ་ལྷ་དང་གཉིས་སུ་མེད་པ་ཡིན།།
ཁ་ཡིས་གསོལ་འདེབས་ལག་གིས་ཕྱག་རྒྱ་མིན།།
ལོ་རྒྱུས་རྣམ་ཐར་གསུང་འབུམ་ཇི་སྙེད་དག །
སུ་དང་གང་གིས་གཟིགས་ན་དགོས་གལ་བསྐྲུན།།
འོ༷ད་ཀྱི་སེམས་པ་དཀར་པོའི་མདངས་སུ་རུང་།།
ཟེ༷ར་གྱི་ནུས་པ་དག་གི་ཁྱད་གཤིས་དང་།།
སྦྱི༷ན་པ༷་བླ་མེད་བདག་པོའི་བང་མཛོད་ཀྱི།།
ཡོན་ཏན་བགྲངས་ཀྱང་གྲངས་ལས་འདས་པ་ཡིན།།
དེ་ལྟར་སྐུ་ཡི་གདུལ་བྱ་དཔག་མི་དཔོག །
གསུང་གི་བྱིན་ཆེན་དག་ནི་བརྗོད་མི་ལང་།།
ཐུགས་ཀྱི་དགོངས་པ་དག་ནི་སྤྲོས་མཐའ་ཡིན།།
རེ་ཞིག་དཔལ་ལྡན་བླ་མའི་མཛད་འཕྲིན་འགའ།།
གང་དྲན་ཡིད་ཀྱིས་མཆོད་པར་དམིགས་ནས་ཕུལ།།
གང་བསམ་མ་གསང་ལྷུག་པོར་བརྗོད་པ་འདི།།
བདག་བློ་དམན་པས་རྐྱེན་གྱིས་འགལ་འཁྲུལ་དག །
གང་གི་རྩ་བའི་བླ་མའི་དྲུང་དུ་བཤགས།།
ལེགས་པའི་བླངས་བྱ་དགེ་བ་གང་བགྱིས་པ།།
མ་གྱུར་མཁའ་ཁྱབ་སེམས་ཅན་དོན་དུ་གྱུར།།
ཉེས་པའི་སྐྱོན་ཆ་གང་མཆིས་སྡིག་ཚོགས་དག །
བདག་གིས་ངལ་མེད་ལྷུར་ལེན་ཡིད་ཀྱིས་བཟོད།།
ཞེས་རྩ་བའི་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེའི་སྐུ་ཡི་མཛད་འཕྲིན་རགས་ཙམ་བརྗོད་པ་འདི་ཕྲན་ཚངས་པ་གཙུག་ཕུད་དམ་རྒྱུན་ལྡན་ཁྱུང་བཙན་རྒོད་འབོད་པ་གང་དེས་ཁེར་ཤག་དགའ་བའི་ཁང་བཟང་ནས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཚིགས་སུ་བཅད་པའོ།།