༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 27
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > རྩོམ་རིག > 1 དཔྱད་རྩོམ།
1 དཔྱད་རྩོམ།
བོན་གྱི་ལྟ་གྲུབ་ཀྱི་གནད་དོན།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-13] [རྩོམ་པ་པོ།:​གཡམ་དྲང་སྲོང་།] [གཟིགས་ཐེངས:]
  • ཆོས་རྒྱུད་རིས་སུ་མ་ཆད་པ་དག་གིས་མཁྱེན་དགོས་པ་ཞིག་ལ། 
    གཡུང་དྲུང་བོན་གྱིས་ལྟ་བ་བཀའ་རྟགས་ཕྱག་རྒྱ་བཞི་ཁས་ལེན་གིན་ཡོད་རེད། 
    གྲུབ་མཐའ་བཞི་དང་ཐེག་པ་གསུམ་ཞེས་སྨྲ་བ་ཡོད་མ་རེད།
          རྩ་བའི་ཆ་ནས་ཐེག་པ་ཟེར་བ་དེ་ཐབས་དང་ཤེས་རབ་གཉིས་ཀྱིས་སྒོ་ནས་འཇོག་གི་ཡོད་རེད། གྲུབ་མཐའ་ནི་ཤེས་རབ་རིམ་པ་དགུ་རང་རང་གིས་གྲུབ་དོན་མཐར་ཐུག་པ་རེ་ཡོད་པས་དེ་ལ་གྲུབ་མཐའ་ཅེས་འདོད་པ་རེད། དེས་ན་གྲུབ་མཐའ་ཡང་དགུ་རུ་སྨྲ་བ་ལས་བཞི་ཞེས་བཞེད་སྲོལ་མེད་པ་རེད། 
         འོན་ཀྱང་གལ་འགག་ཅིག་ནི། བོན་གྱི་གྲུབ་མཐའ་འམ་ཐེག་དགུ་འཇོག་ཚུལ་ལ་ལུགས་མི་འདྲ་བ་གསུམ་ཡོད་རེད། དེ་ནི ༡ ལྷོ་གཏེར་ལུགས། ༢ དབུས་གཏེར་ལུགས། ༣ བྱང་གཏེར་ལུགས་ཏེ་ལུགས་མི་འདྲ་བ་གསུམ་ཡོད་པ་རེད། དེའི་ནང་ཚན་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ནི། བོན་གྱི་དཔེ་རྙིང་མུ་ཆོའི་ཐེག་པ་རིམ་དགུ་ཞེས་པ་དང་། བྱང་སེམས་གབ་པ། གསང་སྔགས་མ་རྒྱུད། དེ་བཞིན་གཤེན་རབ་ཀྱི་མཛད་མདོ་དྲི་མེད་གཟི་བརྗིད། གསས་མཁར་སྤྱི་སྤུངས་ཀྱི་བོན་སྐོར། རྣམ་དག་པད་མ་ཀློང་ཡངས། ཀུན་སྣང་ཁྱབ་པ་རྩ་བའི་དཀྱིལ་འཁོར་སོགས་བོན་དཔེ་མང་པོ་ནས་ཐེག་པ་རིམ་དགུ་འདི་བཞིན་ཡོད་པ་སྟེ། ༡ ཕྱྭ་གཤེན་ཐེག་པ། ༢ སྣང་གཤེན་ཐེག་པ། ༣འཕྲུལ་གཤེན་ཐེག་པ། ༤ སྲིད་གཤེན་ཐེག་པ། ༥ དགེ་བསྙེན་ཐེག་པ། ༦ དྲང་སྲོང་ཐེག་པ། ༧ ཨ་དཀར་ཐེག་པ། ༨ ཡེ་གཤེན་ཐེག་པ། ༩ བླ་མེད་ཐེག་པ་རེད། དེ་དག་ལས་དང་པོ་བཞི་དེར་རྒྱུ་ཡི་ཐེག་པ་ཟེར། དེའི་ནང་ནས་དང་པོ་གཉིས་ལ་འཇིག་རྟེན་ཁམས་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་སྣོད་བཅུད་འཆམ་མཐུན་བྱ་ཚུལ་མོ་རྩིས་གཏོ་དཔྱད་དང་། མདོས་དང་བསྐང་བའི་སྐོར་རེད། ཕྱི་མ་གཉིས་ལས། སྲིད་གཤེན་ཐེག་པ་ནི་མི་ཤི་བར་འདུར་བཅའ་ཟེར་བ་དེའི་སྐོར་རེད། ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་སྐོར་གསལ་ཡོད། འཕྲུལ་གཤེན་ཐེག་པ་ནི་མཐུ་དང་རྫུ་འཕྲུལ་མནན་གཏད་སྐོར་ཡིན། ཐེག་པ་དེ་བཞི་ལ་རྒྱུ་ཡི་ཐེག་པ་ཟེར་ཞིང་། དེ་བཞི་ལ་ལྟ་བ་འདི་དང་སྤྱོད་པ་འདི་ཞེས་དྲན་པའི་གབ་འགྲེལ་དང་སེམས་ལུང་སོགས་ལས་གསལ་ཡོད། འོན་ཀྱང་ཐེག་པ་དེ་བཞིའི་ལྟ་བ་ནི་སྒོམ་ན་ཉོན་མོངས་རྩད་གཅོད་ཀྱི་གཉེན་པོར་འགྲོ་བ། གོམས་ཟིན་ན་མྱང་འདས་སམ་སངས་རྒྱས་ཀྱི་སར་ཕྱིན་པར་བྱེད་པ་དེ་འདྲ་གང་ཡང་མ་རེད། འོན་ཀྱང་སེམས་ཅན་ལ་ཚེ་འདིར་ཕན་པར་བྱེད་པ་ལས། སེམས་ཅན་ལ་གནོད་ཚེ་བྱ་མི་རུང་བ་ཐེག་པ་དེ་དག་གི་རང་གཞུང་ནས་བསྟན་ཡོད། དེ་ནས་ལྷོ་གཏེར་ལྟར་འབྲས་བུའི་ཐེག་པ་ལྔ་ཡོད་པ་ལས། དགེ་བསྙེན་ཐེག་པའི་ལྟ་བ་ལ། སྒྲིབ་པ་སེལ་འཇུག་དགེ་བསྙེན་ལྟ་བ་ཟེར་བ་རེད། སྒྲིབ་པ་སེལ་འཇུག་ཅེས་པའི་དོན་ནི། ཚེ་སྔ་མའི་དང་ད་ལྟའི་སྐབས་སུ་བཞག་པའི་བག་སྒྲིབ་སེམས་ལ་ཡོད་པ་དེ་སྒོ་གསུམ་སྤྱོད་ལམ་རྣམ་པར་དག་པ་དགེ་སྤྱོད་བཅུ་དང་དགེ་སྤྱོད་བཅུ་གསུམ་སོགས་ཀྱིས་སྒྲིབ་པ་བྱང་ནས་བདེ་འགྲོ་དང་ཐར་པའི་འབྲས་བུ་འཐོབ་པར་འདོད་པ་དེ་ཐེག་པ་ལྔ་པ་དགེ་བསྙེན་པའི་ལྟ་བ་རེད། བོན་གཞུང་སེམས་ལུང་ལས་དགེ་བསྙེན་པས་སེམས་ལ་སྔ་ཕྱི་རྒྱུ་འབྲས་སུ་ལྟ་ཞེས་གསུངས་ཡོད། 
         དྲང་སྲོང་ཐེག་པའི་ལྟ་བ། ཀུན་རྫོབ་དང་དོན་དམ་དུ་ཁས་ལེན་ཞིང་སྣོད་བཅུད་རྣམས་སྒྱུ་མ་ཀུན་རྫོབ་ཏུ་ལྟ་བ་དང་། ལུས་ངག་ཡིད་ཀྱི་སྒྲིབ་པ་དཀའ་ཐུབ་ཀྱི་སྒོ་ནས་ཚུལ་ཁྲིམས་བསྲུངས་བས་དག་ཅིང་མཐར་མྱང་འདས་ཐུབ་པར་འདོད་པ་དེ། ཐེག་པ་དྲུག་པ་དྲང་སྲོང་པའི་ལྟ་བའམ་བཞེད་དོན་རེད་འདུག 
         དེ་ནས་ཐེག་པ་བདུན་པ་ཨ་དཀར་ཐེག་པ་ཟེར་བ་དེ་ནི་གནའ་རབས་བོན་གྱི་མཁས་པ་རྣམས་ཀྱི་སྤྱོད་སྒོ་གཙོ་བོ་ཞིག་རེད། བོན་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ཕལ་མོ་ཆེ་ཐེག་པ་འདིའི་གཞུང་ལུགས་སུ་གྲུབ་པ་དང་། ཐེག་པ་འདིའི་ལྟ་བ་ནི་བོན་གྱི་ཐུན་མིན་གྱི་ལྟ་བ་ཞིག་རེད་སྙམ། དེ་ཡང་འདིའི་ལྟ་བ་ནི་སེམས་ཉིད་རང་གསལ་ཞིག་གཏན་ལ་ཕབས་ཡོད་པ་དང་། དེ་ཉིད་བློས་འདི་ཞེས་འཛིན་སྟངས་བྱེད་ནས་ཅི་ལྟ་བ་ངོས་འཛིན་མི་ཐུབ་པ་ཞིག་ཏུ་བཞེད་ཀྱིན་ཡོད་པ་རེད། འདིར་ལྟ་བ་དེ་ཉིད་བསྟན་བྱེད་ཀྱི་ལུང་ཚིག་གཅིག་ནི། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། ཡེ་གཤེན་འདི་ལྟར་སྣང་བ་སེམས་ཙམ་སྟེ། དག་པའི་སེམས་ནི་སངས་རྒྱས་ཉིད་དུ་འགྱུར། གསང་སྔགས་འདིའི་བཞེད་ཀྱི་སེམས་འདི་ནི།། ཉོན་མོངས་སྐྱེ་སྡུད་ཀུན་གྱི་རུ་མ་ཡིན། ངོ་བོ་སྟོང་པར་གནས་ཀྱང་སངས་མི་རྒྱ། ལས་ཀྱི་རྟེན་བྱེད་བྱ་སྒྲོ་རླུང་ཁྱེར་འདྲ། ཡེ་ཤེས་སེམས་གཉིས་མ་ཕྱེད་ཝ་དང་གལ།  ཞེས་པ་དེས་ཡེ་གཤེན་པ་ཞེས་པའི་ཐེག་པ་དེས་བོན་ཐམས་ཅད་སེམས་ཙམ་དང་སེམས་ཀྱི་རང་བཞིན་སྟོང་པར་འདོད་པ་དང་། གསང་སྔགས ཨ་དཀར་པ་འདིས་སེམས་དང་ཡེ་ཤེས་འབྱེད་དགོས་པ་ལས། སེམས་ཀྱི་རང་བཞིན་སྟོང་པར་རྟོགས་པ་ཙམ་གྱིས་སངས་རྒྱས་པར་མི་འདོད་པ་རེད། སེམས་དང་ཡེ་ཤེས་ཕྱེས་པའི་ཡེ་ཤེས་དེ་ལ་རང་རིག་ཡེ་ཤེས་ཟེར་གི་ཡོད་རེད། རང་རིག་ཡེ་ཤེས་ཞེས་པ་དེ་སྟོང་པ་དང་གསལ་བ་དབྱེར་མེད་པའམ་རིག་སྟོང་རང་གསལ་ཞིག་ཏུ་བཞེད་པ་དང་། དེ་གསང་སྔགས་ཨ་དཀར་པའི་ལྟ་བའི་རྨེང་གཞི་ཡིན་པ་རེད། མདོར་ན་འདིའི་ཡན་ཆད་ཀྱི་སྔགས་སེམས་ཀྱི་ལྟ་བ་ནི། 
    དབུས་གཏེར་ཐེག་དགུའི་སྐབས་སུ་བྱུང་བའི་རྣམ་རྩོད་ཐེག་པ་དང་དང་རང་རྟོགས་ཐེག་པ་གཉིས་། སེམས་ཙམ་པ་དང་ཆ་མཚུངས་པའི་ཐུགས་རྗེ་སེམས་དཔའ། དབུ་མ་པ་དང་མཚུངས་པའི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་སྟེ། བོན་ལུགས་ཀྱི་མདོ་ཕར་ཕྱིན་ཐེག་པར་གྲགས་པ་དེ་དག་ཀུན་ལས་ཁྱད་པར་འཕགས་པ་སྟེ། མདོ་ཐེག་དེ་དག་ལ་བདེན་གཉིས་དབྱེར་མེད་དུ་སྨྲ་བ་ཡོད་ཀྱང་། མཐར་ཐུག་སྟོང་པ་ཉིད་སྤྲོས་པ་བྲལ་བ་ལ་མཐར་གཏུགས་པ་ཡིན་པ་ལས། གཉིས་མེད་དང་ལྷུན་གྲུབ་ཀྱི་ཚུལ་ལ་བོན་གྱི་སྔགས་དང་རྫོགས་ཆེན་གྱི་ལྟ་བ་སེམས་ཉིད་གསལ་སྟོང་དབྱེར་མེད་དེ་འདོད་མི་ཐུབ་ཚུལ། བོན་གྱི་མཁས་པ་ལི་ཤུ་སྟག་རིང་གི་གལ་མདོ་ལས་གསལ་པོར་གསུངས་པ་ཡོད་པ་དང་། གཞན་སྔགས་དང་རྫོགས་ཆེན་གྱི་གསལ་སྟོང་དབྱེར་མེད་ཀྱི་ཚུལ་ཡང་། གལ་མདོ་དེ་ཉིད་ལས། སེམས་ཉིད་རྫོགས་པ་ཆེན་པོ་ཞེས་པའི་དཔེ་ཆ་ལས་ལུང་དྲངས་བ་སྟེ། རང་རིག་ཉིད་ཀྱང་དངོས་པོ་མེད།། དངོས་མེད་ཉིད་ཀྱང་རང་རིག་པས།། ལྡོག་བཅས་རྒྱ་མ་ཆད་པའི་ཕྱིར།། གསལ་བ་ཉིད་ན་མི་རྟོག་སྟེ།། མི་རྟོག་པ་ཉིད་རང་རིག་གསལ།། གཉིས་སུ་དབྱེར་མེད་ཉག་གཅིག་མ།། གཞན་ནས་མ་ཡིན་བཙལ་མེད་པར།། རང་ཉིད་ལས་ནི་ཉམས་སུ་མྱོང་།། ཞེས་པ་དེས་བསྟན་ཡོད། 
         སྤྱིར་བོན་གྱི་སྔགས་སེམས་ཀྱི་ལྟ་བ་ནི།  ཕྱིའི་ཡུལ་སྟེང་ནས་ཆ་བཅས་ཡིན་མིན་དང་རང་ངོས་ནས་གྲུབ་པས་སྟོང་མི་སྟོང་བརྟག་དཔྱད་མ་བྱས་ནའང་། སེམས་ཀྱི་ཉམས་ལེན་གཅིག་པུའི་ཐོག་ནས་ངོ་སྤྲོད་ཐབས་དང་འཕྲོད་རྒྱུ་ཡོད། གལ་ཏེ་སེམས་ཉིད་གསལ་སྟོང་དབྱེར་མེད་དམ་རིག་སྟོང་དབྱེར་མེད་དེ་ཉམས་མྱོང་གི་སྒོ་ནས་ངོ་འཕྲོད་ན་ཕྱི་གཟུགས་སྒྲ་སོགས་དངོས་པོ་ཀུན་སྟོང་པ་རང་གསལ་དེའི་འུབས་སུ་ཆུབ་ནས་བདེན་འཛིན་རང་ཤུགས་ཀྱིས་ལྡོག་པ་ལས། ཡུལ་བདེན་མེད་ཐབས་གཞན་གྱིས་སྒྲུབ་མི་དགོས་པའི་གནད་འགག་ཡོད་པ་ཡིན། འདིའི་སྐོར་གསལ་པོར་རྒྱུས་ལོན་དགོས་ན་བོན་གྱི་ལྟ་གྲུབ་སྐོར་ལ་མཁས་པའི་བླ་མ་ཞིག་ལས་གཞུང་ཁྲིད་ནན་གྱིས་ཞུས་པ་ཡིན་ན་ད་གཟོད་བོན་གྱི་ལྟ་བ་འདི་ལྟར་རོ།། སྙམ་པ་ཞིག་ཡོང་སྲིད་པ་ལས། དང་པོ་ནས་བོན་ལ་ལྟ་གྲུབ་མེད་པའམ། ཡོད་ཀྱང་དབུ་མའི་ལྟ་བ་ལས་བརྒལ་བ་ཞིག་ཡོད་མི་སྲིད་པའི་བསམ་བློ་དང་བཅས་པའི་སྒོ་ནས་དྲ་ལམ་ནས་ཚོད་ལྟ་ཙམ་གྱིས་བོན་གྱི་ལྟ་གྲུབ་ལ་རྒྱུས་ལོན་འབྱུང་བ་ཆེས་དཀའོ་སྙམ། དེས་ན་བོན་པོ་ལ་ཐུན་མོང་མ་ཡིན་པའི་ལྟ་བ་ཡོད་མེད་བརྟག་དགོས་ན་གསང་སྔགས་ཨ་དཀར་བ་དང་བོན་གྱི་རྫོགས་པ་ཆེན་པོའི་གཞུང་ལས་འཚོལ་དགོས་པ་མཁྱེན་པར་ཞུ་ཞུ།། ཞེས་གཡམ་དྲང་སྲོང་ནས་རིས་མེད་ཚོགས་ཁང་ཞེས་པའི་སྐད་འཕྲིན་གྱི་ཚོགས་པར་རགས་བཤད་ཙམ་དུ་ཕུལ། 



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།