༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ།
དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 25
དྲ་གནས་ཉར་ཚགས།   གཙོ་ངོས་སུ་འགོད་པ།
中文   |   English   |   བོད་ཡིག
ཕྱོགས་སྟོན།:  གཙོ་ངོས། > དམངས་སྲོལ། > 1 རོང་བའི་དམངས་སྲོལ།
1 རོང་བའི་དམངས་སྲོལ།
ཁྱུང་པོའི་དམངས་སྲོལ་ཆེ་ལོང་ཙམ་བརྗོད་པ།
[རྩོམ་ཁུངས།:ཁྱུང་པོའི་དྲྭ་བ།] [ཟླ་ཚེས།:2017-06-12] [རྩོམ་པ་པོ།:དགེ་ལེགས་དཔལ་ལྡན།] [གཟིགས་ཐེངས:]

     སྤྱིར་དམངས་སྲོལ་རིག་གནས་དང་སྲོལ་རྒྱུན་རིག་གནས་བར་ལ་འབྲེལ་ལམ་ཤིན་ཏུ་ཆེ་བས་སྐབས་རེར་དབྱེ་འབྱེད་དཀའ་བར་སྣང་ཡང་སྤྱི་ཡི་བྱིངས་ནས་བལྟས་ན་མི་འདྲ་བ་ཡོད། དམངས་སྲོལ་རིག་གནས་ནི་ཆེད་དུ་རྒྱུད་འཛིན་མ་བྱས་པར་སྤྱི་ཚོགས་ཡོངས་ལ་ཤ་འདྲེས་སྤག་འདྲེས་སུ་སོང་བའི་སྤྱི་མང་གི་རིག་གནས་ཤིག་དང་། སྲོལ་རྒྱུན་རིག་གནས་ནི་མིའི་དགོས་མཁོ་ལ་གཙོ་བོར་མ་ལྟོས་པར་སྔ་མའི་ལུགས་སྲོལ་བཞིན་ལག་བསྟར་བྱས་པའི་རིག་གནས་ཤིག་ཡིན། ད་དུང་གཞན་ཞིག་ལ་སྲོལ་རྒྱུན་རིག་གནས་ཡིན་ན་དམངས་སྲོལ་རིག་གནས་ཡིན་མི་དགོས་པ་དེས་ཀྱང་འབྱེད་ནུས། སྒོ་དེ་དང་བསྟུན་ནས་ཁྱུང་པོའི་དམངས་སྲོལ་རིག་གནས་ཆེ་ལོང་ཙམ་ཞིག་བརྗོད་ན། སྔོན་གྱི་དམངས་སྲོལ་རིག་གནས་དང། གསར་དར་གྱི་དམངས་སྲོལ་རིག་གནས་གཉིས་སུ་དབྱེ་འོས་ལ། དེ་ལས་དང་པོ་ལ་སྔོན་གྱི་ཆོས་ལུགས་དམངས་སྲོལ་རིག་གནས་དང་། ཐོན་སྐྱེད་ཀྱི་དམངས་སྲོལ་རིག་གནས། ངག་རྩལ་གྱི་དམངས་སྲོལ་རིག་གནས་གསུམ་དུ་བཀར་ན།
    ཆོས་ལུགས་ཀྱི་དམངས་སྲོལ་རིག་གནས་དབང་དུ་བྱས་ན། སྔོན་བོན་གྱི་ཆོས་ལུགས་ཀྱི་འོག་ཏུ་སོང་བ་ཤར་སྟག་ཡིན་ཕྱིར། གཏོ་བཅའ་བ་དང་། མོ་འདེབས་པ། ལྷ་གསོལ་བ། འདྲེ་བཀར་བ། ལྷ་ཕེབས་པ། དེ་དག་གི་ཆོ་ག་ཕྱག་ལེན་གནང་ཚེ། རྔ་རྡུང་། གཤང་དཀྲོལ། དུང་འབུད། སྦུབ་ཆལ་སྡེབ། རྐང་གླིང་འབུད་པ་སོགས་བྱེད། ས་རྡོ་རི་བྲག་རྩྭི་ཤིང་ནགས་ཚལ་མཚོ་དང་འབབ་ཆུ་སོགས་ལ་ལྷ་ཀླུ་གཉན་བཙན་གནས་པར་འདོད་ཅིང་། དེ་དག་ལ་གནོད་སྐྱོན་སྤངས་ཤིང་ཕན་བཏགས་པའི་ཆེད་དུ་གསེར་སྐྱེམས་སོགས་ནམ་མཁའ་ལ་མཆོད་ཅིང་། གཡག་ལུག་ར་གསུམ་སོགས་ཟན་ལ་པར་བསྡེབས་ནས་བསང་ལ་འབུལ་བ་དང་། དེ་བཞིན་གཡུ་ཤུག སུ་དཀར། མཁན་པ་སོགས་མེ་ལ་སྲེག་སྲོལ་ཡོད། རང་རང་གི་རྒྱབ་རི་བསྟོད་སའི་གསས་མཁར་རེ་བཞེངས་ཤིང་དེ་ལ་ཤིང་རྩི་སྣ་མིན་བལ་གྱིས་རྒྱན་པ་བཙུགས་ཏེ་ཁ་དོག་སྣ་ལྔའི་དར་ལྕོག་སོགས་སྒྲོན་སྲོལ་ཤིན་ཏུ་དར་ཁྱབ་ཆེ། མཆོད་འབུལ་བྱེད་སའི་ལྷ་ཁང་རང་གི་རྒྱུ་འབྱོར་གྱི་ཚད་དུ་བསྐྲུན་ཞིང་དེའི་ནང་ལ་སྤུས་མར་མེ་ཡོན་ཆབ་འབུལ་རྒྱུ་སོགས་ལ་ཤིན་ཏུ་མཐོང་ཆེན་བྱེད། ནང་དོན་རིག་གཞུང་མཚོན་པའི་བོན་གྱི་སྙིང་པོ་རྣམ་གསུམ་དང་བན་གྱི་མ་ཎི་ཡིག་དྲུག་སོགས་ཀྱི་རྡོ་འབུར་ཁྱུང་པོའི་ས་ཆ་སྟོད་སྨད་གང་སར་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད། ཚབ་མཚོན་ཙམ་དཔེར་ན་སྟེང་ཆེན་ཁའི་བང་བཀྲ་མའི་རྡོ་འབུར་དང་། གཡུང་དྲུང་དཔལ་རིའི་རྡོ་འབུར། གནས་ཁྲ་མོའི་རྡོ་འབུར་སོགས་ལྟ་བུ་རེད། ད་དུང་བྲོ་གར་ལ་བོན་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་ཁྱུང་པོའི་རལ་པ་ལྟར་བུ་སྟེ་སྐྱེས་པ་དག་གིས་ས་ཕྱག་ཏུ་གཤང་བཟུང་ཞིང་བུད་མེད་དག་གིས་ལག་ཏུ་རྔ་འཁྱེར་ནས་འཁྲབ་ཀྱི་ཡོད། དེ་བཞིན་ཆོས་ལུགས་ཀྱི་དམངས་སྲོལ་ཤིན་ཏུ་མང་ཡང་འདིར་སྐབས་བསྟུན་ཙམ་མོ།།
     གཉིས་པ་སྔོན་གྱི་ཐོན་སྐྱེད་ཀྱི་རིག་གནས་ཀྱི་ཆ་ནས། འབྲོག་ལས་ཐོན་སྐྱེད་དང་། ཡུས་ལས་ཐོན་སྐྱེད་གཉིས་སུ་བགར་འོས་ཤིང་དེ་ལས་འབྲོག་ལས་ཐོན་སྐྱེད་ཀྱི་གནས་གཞི་གཙོ་བོ་སྟེང་ཆེན་གྱི་ནུབ་ངོས་དང་ནུབ་བྱང་གཉིས་ཏེ། དཔའ་བརྡ། ག་ཐ། ག་ངས། དམུ་ཐ། འབོ་ཐ་སོགས་ཡིན། དེ་དག་གི་ཐོན་སྐྱེད་རྩིད་པ་འཐག་པའི་སྦྲ་ནག ནོར་ལུགས་བཏགས་སའི་གདང་ཐག ཆོན་ཐག ཁལ་འགེལ་བྱེད་འབྲེང་ལེབ། ཁེས་སྒ། སྒྲོ་བ། ཀོ་ལྷམ། ལྤགས་རིགས་ལས་བཟོས་པའི་གྱོན་གོས་འདྲ་མིན། ཞོ། འོ་མ། མར། ཆུར་ར། ཐུད་སོགས་ཤིན་ཏུ་མང་ལ། ཁང་པའི་ཆ་ནས་རྩེག་ར་བརྩིགས་སྲོལ་ཡོད། ཡུས་པའི་ཐོན་སྐྱེད་ཀྱི་གནས་གཞི་གཙོ་བོ་སྟེང་ཆེན་གྱི་དབུས་དང་ནུབ་ཕྱེད་ཤར་དང་བྱང་ལྷོ་སོགས་ཏེ། ཁྲི་རྡོ། སེར་ཚ། སྟེང་ཆེན། གཏམ་སྟོད། ཞེ་གཞུང་། གྱང་སྔོན། ས་སྒང་སོགས་ཡིན་ལ། སྤྱིར་འདི་དག་ཡུས་འབྲོག་གཉིས་ལྡན་ཡིན་ཡང་གཙོ་བོ་ཡུས་པའི་ཐོན་སྐྱེད་གླེང་འོས་པས། ཐོང་བཤོལ། ཐོང་སོ། གཉའ་ཤིང་། གྱང་ཐོ། བ་རྟ་བཏགས་སའི་གདང་། རྟ་སྒ། རྟ་སྟན། ནས། བྲོ། སྲན་མ། ཡུང་མ། སོགས་ཤིན་ཏུ་མང་ལ། ཁ་པའི་ཆ་ནས་གྱང་རྡུང་སྲོལ་ཡོད། ཡུས་འབྲོག་ཐུན་མོང་གི་མདའ་ར། མེ་ཆ། ཁབ་ཤུབས། མེ་མདའ། ཟོ་ར། སྟ་རེ། མདའ་མདུང་། གྲི་མཚོན། རྩམ་པ་འཐག་སའི་ལག་འཁྱིག  ཆུ་སྐོར་སོགས་རབ་ཏུ་མང་ངོ་།། 
     ངག་རྩལ་དམངས་སྲོལ་རིག་གནས་ཀྱི་ཆ་ནས་གླུ་དང་། གླུ་ཤག གྱང་གླུ། ཁ་དཔེ་སོགས་ཤིན་ཏུ་མང་ཞིང་ཚབ་མཚོན་ཙམ་ཞུས་ན། དཔེར་ན་གླུ་ལ། ༧ མགོ་ཝ་ཞྭ་མེ་ཏོག་སེར་ཆེན་དེ། ཚེ་དེ་ལ་དབུ་འཕངས་མཐོ་བར་ཤོག སྐེད་གྲི་བཀྲ་སྤ་ལུང་སུམ་རྩེགས་ཅན།། ཚེ་དེ་ལ་དགྲ་མགོ་ནོན་པར་ཤོག ཞེས་པ་ལྟ་བུ་དང་། གླུ་ཤག་ལ་དཔེར་ན། ༧ རྒྱ་གཡུ་དྲུག་དཀར་རྒྱ་ལ་སོང་།། ཁ་རྩང་ད་ཞག་རྩེབ་རེས་ཡིན། རྩེབ་རྒྱུ་མི་འདུག་ཅི་ལ་རེད།། གཡུ་ལུང་སྟོང་སྐུད་ཚོགས་ཤི་མེད།། ༧ སྨན་བུ་མོ་སྲན་མའི་མེ་ཏོག་འདྲ།། ལུས་སྲན་སྒོང་ན་སིག་མ་རེད་ན།། ཁ་ཧ་ཤར་སྟག་ལོ་འགད་འགད་རེད།། ཅེས་པ་ལྟ་བུ་དང་།། གྱང་གླུ་ལ་དཔེར་ན། ༧ གསེར་ལ་ལ་མོའི་ལ་ཁ་ནས།། གསེར་བྱ་སྤུན་གསུམ་གནམ་ལ་ལྡིང་།། ནམ་མཁའ་ཡར་ལོངས་འཇའ་ཡིས་གང་།། ས་གཞི་བདེ་སྐྱིད་ཕུན་སུམ་ཚོགས།། ༧ དངུལ་ལ་ལ་མོའི་ལ་ཁ་ནས།། དངུལ་བྱ་སྤུན་གསུམ་ཁ་ལ་ལྡིང་།། ནམ་མཁའ་ཡར་ལངས་འཇའ་ཡིས་གང་།། ས་གཞི་བདེ་སྐྱིད་ཕུན་སུམ་ཚོགས།། ༧ གཡུ་ལ་ལ་མོའི་ལ་ཁ་ནས།། གཡུ་བྱ་སྤུན་གསུམ་མཁའ་ལ་ལྡིང་།། གྱང་གཞོང་ཁ་ཡི་ཨ་སྦོ་ཚོ།། ད་ནི་མ་འདུག་གཟིམས་ལ་ཕེབས།། སང་ཉིན་ཞོགས་པ་སྔ་མོ་ནས།། གྱང་གཞོང་ཁ་ལ་ཡར་བཞུགས་ཞུ།། ༧ གཡུ་ལ་ལ་མོའི་ལ་ཁ་ནས།། གཡུ་བྱ་སྤུན་གསུམ་མཁའ་ལ་ལྡིང་།། ས་ར་ནང་གི་སྨན་ཆུང་ཚོ།། ད་ནི་མ་འདུག་གཟིམས་ལ་ཕེབས།། སང་ཉིན་ཞོགས་པ་སྔ་མོ་ནས།། ས་ར་ནང་ལ་ཡར་བཞུགས་ཞུ།།   ཁ་དཔེ་དཔེར་ན། ༧ གཏམ་དཔེ་གཏམ་གྱི་འགོ་འདྲེན་རེད། འགོ་འདྲེན་མ་ཤེས་འགོ་རྫོད་རེད། ༧ ཟ་རན་དུས་ཐང་དཀར་རྒོད་པོའི་སྐེ་འདྲ།། ལས་རན་དུས་ལོངས་སྤྱོད་རྫོགས་པའི་སྐུ་འདྲ། ༧ ཉལ་ཁ་ཆུ་ནག་མ་ཐུངས།། འགྲོ་ཁ་མ་ལ་མ་འཛིང་།། ༧ ལས་ཅི་དབྱས་གྲོགས་ལ་ལྟོས།། ཉལ་ཁ་གཅིན་ཐོངས།། ༧ ཁ་གྲུ་བཞི་གྱོད་ཀྱི་སྒོ་མོ་རེད།། རྟ་བཞི་མོ་ཞིག་གི་འཚོ་སྐྱོང་དཀའ།།  ཞེས་པ་སོགས་ལྟ་བུའོ།།
      གསར་དར་དམངས་སྲོལ་གྱི་ཆ་ནས་ཚོང་ལས་དང་། རིགས་མི་འདྲ་བའི་གསར་སྐྲུན། སྒྲ་དོགས་འཇུག་གི་རིག་གནས་སོགས་ཤིན་ཏུ་ཚར་རླབས་རྒོད་བཞིན་པ་སྟེ། དབྱར་རྩྭ་དགུན་འབུའི་ཚོང་ལས་དང་། རྡོ་རིགས་འདྲ་མིན་གྱི་ཚོང་ལས། ཐོན་སྐྱེད་འདྲ་མིན་གྱི་ཚོང་ལས། གསར་སྲུན་གྱི་ཆ་ནས་ཁང་པ་གསར་བཟོ་དང་། གྱོན་ཆས་གསར་བཟོ། ཐང་ཁ་དང་ཡིག་རིགས་མཆོད་ཆ་གསར་སྐྲུན་སོགས་ཤིན་ཏུ་མང་། རིག་གནས་ཀྱི་ཆ་ནས་བཤད་ན་རིག་གནས་པ་དང་དཔེ་སྦྱོང་བ་དག་ལ་མཐོང་ཆེན་བྱེད་ཅིང་། དེ་དག་གོང་བཀུར་བྱེད་རྒྱུ་ལ་དགའ། ཕ་མ་དག་གིས་རང་རང་གི་བུ་ཕྲུག་རྣམས་སློབ་གྲྭ་ལ་མངགས་ཤིང་། སོ་སོས་ཁྱིམ་གྱི་ལས་ཀ་ཚང་མ་ཨེ་ལྕོགས་ལྟ་བ་མ་ཟད། ཕ་མ་རྣམ་ཀྱིས་ཀྱང་བུ་ཕྲུག་ལ་སློབ་སྦྱོང་བྱས་ན་སྐྱིད་པོ་ཡོང་རེད་ཅེས་སློབ་གསོ་གཏོང་། དེ་བཞིན་རིགས་མི་འདྲ་བ་མང་དུ་ཡོད་ཀྱང་སྐབས་བསྟུན་ཙམ་མོ།།



སྐད་འཇོག་རེའུ་མིག

འདྲེན་སྐོལ། དཔྱད་གཏམ(0)ཡོད།