
མ་བཅོས་གཉུག་མ་ལྟ་བའི་གཞི་རུ་བྱས།།
རང་ཞི་རང་གྲོལ་སྒོམ་པའི་རྩལ་དུ་བཏོན།།
ཤུགས་འབྱུང་མཛད་པ་སྤྱོད་པའི་རྒྱན་ཆེ་བའི།།
སྐྱེས་བུ་ཁྱེད་ནི་ཨེ་མ་ངོ་མཚར་ཆེ།།
གུས་ཚིག་སྔོན་དུ་བཏང་སྟེ་སྐབས་འདིར་གླེང་བྱ་ནི།
༧ གདན་ས་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་སྟེ་མཚན་དངོས་སུ་སྨྲོས་ན་དཔོན་སློབ་ཚང་པ་བསྟན་འཛིན་རིན་པོ་ཆེ་ཞེས། སྐྱེས་བུ་ཚད་མ་གནམ་གྱིས་མི་ཁེབས་པ་དེའོ། སྤྱིར་བོད་པས་སྔར་གྱི་ལོ་རྒྱུས་བརྗོད་པ་ཕལ་མོ་ཆེ། བསྟོད་སར་བསྟོད་པ་ཆེ་དྲགས་པ་དང་སྨད་སར་སྨད་པ་ཆེ་དྲགས་པ་ནི། དཔེར་ན་བཙན་པོ་སྲོང་སྒམ་པོའི་དབུ་ལ་དབུ་ལྷག་ཅིག བཙན་པོ་ལྷ་སྲས་དར་མའི་དབུ་ལ་རྭ་གཅིག་བཞག་པ་དེ་ཀས་མཚོན་ནུས་སོ། དེང་སྐབས་ཡང་དེ་ལྟའི་བག་ཆགས་ནི་བོད་པ་ཙམ་མ་ཟད་ས་སྟེང་གི་མགོ་ནག་བོད་རིགས་ཕལ་མོ་ཆེར་ཤིན་ཏུ་མཐུག་པས་སོ། དེ་ལས་ཀྱང་བཤད་འདོད་པ་གཅིག་ནི། དུས་ངན་སྙིགས་མ་ལྔ་བདོའི་སྐབས་འདིར་སྐུ་ཚེ་ཧྲིལ་བོ་ཐོས་བསམ་སྒོམ་གསུམ་གཙིགས་སུ་བཟུང་ནས། མདོ་སྔགས་སེམས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་དེ་དག་པང་དུ་བཞག་སྟེ་སློབ་མ་རྣམས་ལ་འཆད་ཁྲིད་ཆུ་བོའི་རྒྱུན་བཞིན་དུ་མི་ལོ་བཅུ་ཕྲག་འགར་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་ཕྲིན་བསྐྱངས་ནས་བཞུགས་པའི་སྐྱེས་བུ་དེ་དག སྤྱི་ཚོགས་དང་དགོན་པ། སློབ་གྲྭ་སོགས་གཙོའི་པའི་མི་རེ་ངོ་རེས་གཙིགས་འཛིན་དང་གལ་ཆེན་དོན་ཆེན་མི་བརྩི་བའི་སྐབས་འདིར། ཆོས་ཕྱོགས་བཤད་ན་སྙིགས་ལྔ་བདོའི་དུས་སྐབས་ཡིན་པའི་རྒྱུ་མཚན་ལ་ཐུག་པ་དང་། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་མི་རྣམས་ཤོག་སྒོར་ལ་འདུན་པ་ཤུགས་ཆེ་སོང་བས་ཡིན་སྲིད། གང་ལྟར་འདི་ལྟ་བུའི་སྐབས་འདིར་སྐྱེས་བུ་ཚད་མ་གནམ་གྱིས་མི་ཁེབས་པ་རེ་ཁུ་སིམ་མེར་བཞུགས་འདུག་པ། དེ་དག་གི་ཐུགས་རྒྱུད་ལ་མངའ་བའི་བླ་ན་མེད་པའི་ཆོས་ལུགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་དག་དང་། ཐུགས་རྒྱུད་ལ་མངའ་བའི་འཇིག་རྟེན་གྱི་ཡོན་ཏན་ངོ་མཚར་བ་དེ་དག་རང་གིས་ལེན་ཅི་ཐུབ་དང་། གཞན་ལའང་འཚམས་སྦྱོར་བྱེད་རྒྱུ་དེ་ནི། ང་ཚོའི་བྱེད་འོས་པ་ཞིག་དང་ཁོང་གི་སློབ་མ་ཞིག་ཡིན་པའི་ངོས་ནས་བསམ་ན་རང་གི་འགན་འཁྲི་ཞིག་ཀྱང་ལོས་ཡིན་བསམ་གྱི་ཡོད། རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས་རང་གིས་མྱོང་བ་དང་། རང་ཉིད་ཀྱིས་ཁོང་གི་ཞལ་ཁྲིད་ལ་དངོས་སུ་ཉན་པའི་རིང་གི་ཚོར་སྣང་དེ་དག་འདིར་ཅུང་ཙམ་བཤད་བསམ་པ་ལས། སྐུ་ཡི་ཚེ་ཚད་བརྒྱ་ལྷག་མ་གཏོགས་མི་བཞུགས་པ་ཤེས་བཞིན་དུ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས། བོད་པའི་ཚིག་སྟོང་དོན་མེད་དེ་དག་བརྗོད་རྒྱུར་ཕྲན་གཏན་ནས་མི་དགའ་བའི་རང་གཤིས་དེ་དང་འབྲེལ་ནས་ཅུང་ཙམ་བཤད་ན། དེང་སང་གི་དྲ་ལམ་བརྒྱུད་ནས་འཆད་ཁྲིད་ལ་ཉན་པ་དང་། ཡང་ན་དངོས་སུ་འཆད་ཁྲིད་དེར་ཞུགས་ནས་འཆད་ཁྲིད་ལ་ཉན་རྒྱུ་མང་པོ་ཡོད་ཀྱང་། ཁོང་གི་འཆད་ཁྲིད་ནི་དེ་དག་ལས་རྣམ་པར་རྒྱལ་བ་བསམ་ཡུལ་ལས་འདས་པའི་འཆད་ཁྲིད་ཅིག་ཡིན། འཆད་པའི་སྐབས་སུ་ཚིག་དོན་ཟུང་དུ་འབྲེལ་ཏེ་འཆད་པ་མ་ཟད། ཚིག་གི་ཟམ་ཆེན་ལ་བརྟེན་ནས་གཞུང་གི་གོ་བ་ངོ་མ་རྙེད་དགོས་པའི་བཀའ་སློབ་ཀྱང་གནང་གི་རེད། གཞན་ཡང་གཞུང་ལུགས་དེ་དག་གི་ནང་ལ་སྒྲ་བཤད་ཅེས་པའམ་ཡང་ན་ངེས་ཚིག་ཅེས་པ་དེ་དག་ལ་སྣང་མེད་བྱེད་མི་ཉན་ཚུལ་དང་དེ་དག་ལ་བརྟེན་ནས་གཞུང་གི་གོ་བ་རྙེད་རྒྱུར་ཕན་ཐོག་ཆེན་པོ་ཡོད་ཚུལ་སོགས་ཀྱང་ཡང་ཡང་གསུང་གི་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ངའི་འདི་ལྟར་བསམ་གྱི་འདུག ད་ཁྱོད་རང་གིས་ག་རེ་བསམ་གྱི་འདུག་ཅེས་པའི་དྲི་བ་གནང་བ་མ་ཟད། དེ་རིང་ཡིན་གཅིག་དེའི་ཐོག་ལ་དཔྱད་པ་བྱོས་ཤོག་ཅེས་གསུང་གི་རེད། དྲི་བ་དེ་དང་བཀའ་སློབ་དེ་གཉིས་ཀྱིས། དགེ་རྒན་གྱི་ཞལ་ནས་ཅི་གསུང་ཙམ་མ་ཡིན་པར་ཁྱོད་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་དུ་འཇུག་པ་དེ་ཡིན། རྒྱུན་དུ་སློབ་མ་རྣམས་ལ་ཁྱོད་རང་གི་བསམ་ཚུལ་གང་ཡོད་པ་དེ། སང་ཉིན་བཤད་རྒྱུ་ཡོད་པ་བྱོས་ཤོག་ཅེས་པ་དེས། སློབ་མ་རང་གིས་རྣམ་དཔྱོད་ལ་བརྟེན་པ་བཅུག་པས། དེ་དག་གིས་སློབ་མའི་ཤེས་ཡོན་ཡར་རྒྱས་ཤུགས་ཆེར་གཏང་གི་ཡོད། དེ་དག་ཐམས་ཅད་བཞག་སྟེ་ཁོང་གི་འཆད་ཁྲིད་གནང་སྐབས་སུ་སེམས་ལས་ཡལ་ཐབས་མེད་པའི་གནད་དོན་གཉིས་ཡོད་པ་དེ་ནི། གཅིག་ནི་གཉོམ་ཆུང་ཆོག་ཤེས་ཀྱི་ཚུལ་བཟུང་སྟེ་སློབ་མས་གང་དྲིས་པ་དེ་དག་གཅིག་ཀྱང་མ་ལུས་པར་བརྩེ་བ་ཆེན་པོའི་སྒོ་ནས་དང་དུ་ལེན་པ་དེ་ཡིན། གཉིས་པ་ནི། ངས་འདི་ལྟར་བསམ་གྱི་འདུག གཞན་གྱིས་ཟེར་སྒྲོས་འདི་ལྟར་འདུག གཞུང་འདིའི་ནང་དུ་འདི་འདུག་ཅེས། དཔེ་དེབ་ཀྱི་ཨང་གྲངས་དང་བཅས་པར་བསྟན་པའི་རྗེས་སུ། ད་ཁྱོད་རང་གིས་ག་རེ་བསམ་གྱི་འདུག་ཅེས་པའི་དྲི་བ་དེ་ནི། སློབ་མའི་སྙིང་ལ་ཟུག་པའི་དྲི་བ་གནད་འགག་ཅན་ཞིག་ཡིན། ལྷག་པར་དུ་མ་རྒྱུད་དང་སྙན་རྒྱུད་དེ་དག་ཞལ་ཁྲིད་གནང་དུས་ངོ་མཚར་བའི་ཞལ་ཁྲིད་གནང་ཞིང་ཚིག་དོན་མ་ལུས་ཤེས་པ་དག་ཤེས་པ་དང་། དོགས་པ་ཅན་དེ་དག་དོགས་གནས། མ་དགོངས་པའི་གནད་དོན་རེ་འགའ་མ་དགོངས་པ་རང་ཡིན་གསུང་སྟེ་ཞལ་ཁྲིད་གནང་གི་ཡོད་པ་ལས། དགེན་རྒན་འགའ་རེས་ཁྲིད་སྟངས་ལྟར་མ་ཤེས་རུང་ཤེས་མདོག་གི་རྣམ་པ་ཟུར་ཙམ་ཡང་མེད་པ་དེ་ཡིན། དེས་ན་སྐུ་ཚེ་ཧྲིལ་བོ་འདོད་ཆུང་ཆོག་ཤེས་བྱས་ཏེ་༧ཡོངས་འཛིན་སྨྲ་བའི་སེང་གེའི་ཐུགས་དགོངས་ཇི་བཞིན་དུ་སློབ་མ་རྣམས་འཆད་ཁྲིད་གནང་ནས་བཞུགས་མཁན་དེ་དག་གཙིགས་འཛིན་ཐུབ་ན། ཆོས་དང་འཇིག་རྟེན་གྱི་རྣམ་བཞག་དང་གཏན་ནས་མི་འགལ་བའི་ཁར་དགེ་མཚན་བསམ་གྱིས་མི་ཁྱབ་པ་རེ་ཡོད་པ་ཀུན་གྱིས་ཤེས་ངེས་ཡིན། དེ་མིན་སྒོར་མོ་དང་ཁྲི་ལ་རྔམ་པའི་བླ་མའི་མིང་འཛིན་པ་དེ་དག་གི་རྐང་པ་ལྕེས་ལྡོག་ལབ་ན་ཕར་ཆེར་ལྡག་ས་རེད་བསམ་བསམ་རེ་བྱས་ཏེ། ཁུ་སིམ་མེར་བཞུགས་པའི་སྐྱེས་བུ་ཚད་མ་དེ་དག་ཟུར་ཞིག་ཏུ་ལྷག་སོང་ན་ག་ལ་འགྲིག དེ་དག་ནི་ཡང་ནས་ཡང་དུ་གླེང་དགོས་པའི་གནད་དོན་ཞིག་མཐོང་བས། རང་གི་དངོས་མཐོང་ལག་ཟིན་གྱི་ཉམས་མྱོང་གི་གནས་ཚུལ་བྲིས་པ་ཡིན། སུ་དང་འགལ་ན་མཐོལ་ལོ་བཤགས། ཅུང་ཙམ་ཕན་པ་རེ་བྱུང་བའི་དགེ་བ་དེ་དག་རྒྱལ་བ་ཀུན་པོ་བཟང་པོའི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ་བའོ།། །།
གང་གི་སློབ་བུ་དགེ་བཤེས་བསྟན་པ་དར་རྒྱས་ཀྱིས། ཕྱི་ལོ། ༩།༦།༢༠༡༧། ཉིན་གནས་མཆོག་འཕགས་པ་ཤིང་ཀུན་གྱི་ཉེ་འདབས་ནས་བྲིས་ཏེ་ཕུལ།