ལ་ལ་གཟའ་ཟླས་གཡུག་ནས་རི་ལ་བྲོས།།
ལ་ལ་ནུས་པ་ཟད་དུས་དགོན་འདབས་ཉལ།།
ལ་ལ་ཚོང་ཧ་ལོག་ནས་དབུ་ལོ་བསིལ།།
ཁྱེད་ནི་ངེས་འབྱུང་སེམས་ཀྱིས་རི་ལ་བྲོས།།
ལ་ལ་ཆང་གི་བཟི་དུས་དབེན་གནས་གླེང་།
ཚོ་གཅིག་ཁ་ཕོར་བོར་དུས་གོས་དྲུག་བརྩལ།།
ཁ་གཅིག་མིང་གྲགས་ཆེད་དུ་ཚུལ་མིང་ཞུས།།
ཁྱེད་ནི་དབུ་ལམ་གཤེཊ་པའི་རྒྱལ་སྲས་དངོས།།
ལ་ལ་ཤ་རུས་འཕྲག་པའི་བླ་རུ་འབོད།།
ཁ་གཅིག་ནོར་རྫས་ཆེད་དུ་ཁྲི་ལ་འགྱིང་།
ཚོ་གཅིག་གཟའ་ཚང་མ་འགྲིགས་དགོན་དུ་ནུད།།
ཁྱེད་ཀྱིས་བདེན་དོན་རི་མོ་བྲག་ལ་བརྐོས།།
མང་གཅིག་རྒྱུ་ཟས་ཆེད་དུ་མི་ཚེ་ཕུད།།
ཚོ་གཅིག་སྒོམ་པ་གླེང་ནས་ཚེ་ལུས་རྫོཊ།།
ཁ་གཅིག་རྒྱལ་ཁམས་ཉུལ་བའི་ཉི་མ་ཟད།།
ཁྱེད་ནི་དབེན་པའི་རི་ལ་ཚེ་ལུས་འཕུང་།
ཞེས་བྲག་དམར་རི་ཡི་མདུན་ཞོལ་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭ་བ་ཁྲ་རྒན་དཔལ་བཟང་ངམ། ཁྲ་སྣང་དགས་འཕུལ།
གདམས།
ཉན་པའི་རྣ་བ་མེད་ན་འཆད་པ་ཅི་ཡི་དོན།།
འཆད་པ་གོ་ཉན་མེད་ན་སྙིང་པོ་ཅི་ལ་ལྟ།།
གང་ཞིག་དཀྲེས་ལྟོག་མེད་ན་ཟས་གོས་ཅི་ཞིག་བྱ།།
དེས་ན་མི་ཚེའི་སྙིང་དོན་འཚོལ་དགོས་རིགས་བཟང་ཚོ།།
ཞི་དུལ་བག་ཡོད་གྱིས་དང་གཞན་གྱིས་བཀུར།།
ཁ་ལག་ཉར་ཚགས་གྱིས་དང་འཁྲུགས་རྩོད་ཉུང་།
སྒྲིག་བཀུར་ཁྲིམས་སྲུང་མཁས་ན་བདེ་བའི་གཞི།།
དོན་མེད་འཆལ་གཏམ་མང་ན་ཀུན་གྱིས་ཁྲེལ།།
གང་ཞིག་མཁས་པ་དག་ལ་བརྟེན་བྱེད་ན།།
དེ་ཡི་ཡོན་ཏན་བདག་ལ་མྱུར་དུ་ཐོབ།།
མ་རྟོགས་སེམས་ཅན་ཚིག་གིས་ཁྲིད་གྱུར་ན།།
བླང་དོར་གནད་ལ་མཁས་པ་འགྱུར་བར་ངེས།།
རྒྱུ་ཟས་རྔམ་འདོད་ཆེ་ན་ཕུང་པའི་གཞི།།
གསུང་གདམས་གོ་ཉེས་ཤེས་ན་ལེགས་པའི་རྒྱུ།།
རང་ཆེ་རྫིགས་ཉམས་ཆེ་ན་འཕྱ་བའི་གནས།།
ཉམ་ཆུང་འགྲོ་ལུགས་ཤེས་ན་བཙན་པོའི་གྲོགས།།
ཁྲ་སྣང་དགས་བྲིས།